ཚོགས་འདུ་དེའི་ཐོག་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས། སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་ལྷ་དབང་རྒྱལ་པོ། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་། དྲུང་ཆེ་མགུར་འབུམ་རྒྱལ་བཅས་ཆེད་བཅར་གྱིས་སྐུ་ཚབ་དོན་གཅོད་ལས་ཁུངས་ནང་སིཌ་ནི་བོད་རིགས་ནང་ཁུལ་གྱི་དཀའ་ངལ་སེལ་ཐབས་ཆེད་གྲོས་མོལ་ཚོགས་འདུ་འཚོགས།
ཚོགས་འདུ་དེའི་ཐོག་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་གཙོ་མི་དམར་ཚེ་རིང་དང་། དྲུང་ཆེ་ཆོས་འཛིན། རིག་གཞུང་འགན་འཛིན་ལུང་རིགས། སིཌ་ནིང་དང་བླངས་མི་མང་གི་སྐུ་ཚབ་ཚོགས་ཟུར་འཇིགས་མེད་རྡོ་རྗེ་དང་། རྒྱུན་ཟུར་ནོར་བུ་དགྲ་འདུལ། གྲགས་པ་ཚེ་རིང་། རྣམ་སྲས་ལྷ་མོ་བཅས་མཉམ་ཞུགས་བྱས།
ཚོགས་འདུ་དེ་ནི་སིཌ་ནིང་ཁུལ་གནས་སྡོད་བོད་རིགས་མི་མང་རྣམས་རྡོ་རྩ་གཅིག་སྒྲིལ་དང་། མཛའ་མཐུན་མཉམ་གནས་ཀྱིས་སྒོ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ཆིག་སྒྲིལ་གོམ་པ་མདུན་སྤོ་ཡོང་ཆེད་དང་། དམིགས་བསལ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་བཞེས་ཀྱི་༧སྐུའི་འཁྲུངས་སྐར་དུས་ཆེན་མཉམ་འཛོམས་སྲུང་བརྩི་ཞུ་ཐུབ་རྒྱུའི་དམིགས་ཡུལ་བཅས་ཀྱི་ཐོག སིཌ་ནིང་བོད་རིགས་ནང་ཁུལ་གྱི་དཀའ་རྙོག་དེ་སེལ་ནས། འདས་པ་ལས་མ་འོངས་པར་གལ་ཆེན་བརྩི་དགོས་པའི་རེ་བ་བཅས་ཀྱི་ཐོག་ནས་ཚོགས་འདུ་དེ་ཚོགས་པ་ཞིག་ཡིན་པ་རེད།
ཤོག་ཐོག་ལ་ཕབ་པའི་ཚོགས་འདུ་དེའི་ངོ་སྤྲོད་དང་དགོས་དམིགས། འཕེལ་རིམ། མཐའ་མའི་གྲུབ་དོན་དེའི་ནང་གསལ་ལྟར་ན། སིཌ་ནིང་བོད་རིགས་དང་བླངས་མི་མང་གི་འཐུས་ཚབ་ནས་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་དང་ཚོགས་གཞོན་ཐུབ་བསྟན་རྒྱལ་མཚན་གཉིས་བཟང་སྤྱོད་ཀྱི་སྒོ་ནས་རྩ་དགོངས་ཞུ་དགོས་པའི་རེ་སྐུལ་བྱས་པར། སྔ་རྗེས་སུ་གོ་བསྡུར་བྱས་མཐར། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་དང་ཚོགས་གཞོན་ཐུབ་བསྟན་རྒྱལ་མཚན་གཉིས་ནས་ཚོགས་གཙོ་གཞོན་གྱི་ལས་འགན་མཚམས་བཞག་སྟེ། རྒྱུན་ལས་དཀྱུས་མའི་ལས་འགན་འཁུར་རྒྱུ་དང་། རྒྱུན་ལས་ནང་ཁུལ་དུ་སླར་ཡང་ཚོགས་གཙོ་གཞོན་བསྐྱར་འདེམས་བྱ་རྒྱུ། དེ་བཞིན་ཚོགས་གཙོ་མིག་དམར་ཚེ་རིང་དང་ཚོགས་གཞོན་ཐུབ་བསྟན་རྒྱལ་མཚན་གཉིས། སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཀྱི་འོས་བསྡུའི་ནང་ལངས་རྒྱུ་མིན་པ་དང་། མ་འོངས་པར་ཕྱོགས་གཉིས་ཀྱི་མི་མང་མཉམ་འཛོམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་བཞེས་ཀྱི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་། དེ་དོན་ཕྱོགས་གཉིས་ངོས་བཞེས་བྱུང་མཚམས་དང་བླངས་མི་མང་གི་ལས་དོན་ཡོངས་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱུང་བར། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་སྐུ་ཚབ་གསུམ་ནས་ཁས་ལེན་ཞུས་ཀྱང་། སིཌ་ནི་བོད་རིགས་དང་བླངས་མི་མང་གི་སྐུ་ཚབ་བཞི་ནས་སྐབས་འཕྲལ་ཐག་གཅོད་མ་ཐུབ་པར་བརྟེན་ ༢༠༢༢ ལོའི་ཟླ་ ༦ ཚེས་ ༡༡ ནང་ཚུད་ལ་ལན་གསལ་ཕུལ་ཐུབ་པ་བྱ་རྒྱུའི་མོས་མཐུན་བྱས་འདུག
འདི་གའི་གསར་འགོད་པས་དུས་རྒྱུན་སིཌ་ནིང་བོད་རིགས་དང་བླངས་མི་མང་གི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་མཁན་མི་མང་ཁག་ཅིག་ལ་ཐེངས་འདིའི་ཚོགས་འདུ་དེའི་ཐག་གཅོད་ལ་བསམ་ཚུལ་ཅི་ཡོད་མི་ ༡༠ གྲངས་ཤིག་ལ་བཅར་འདྲི་དང་རྒྱུས་ལོན་བྱས་པར། བསམ་ཚུལ་ཤོད་མཁན་བརྒྱ་ཆ་ ༩༠ ཙམ་གྱིས་ཐེངས་འདིར་སྐུ་ཚབ་དོན་གཅོད་སོགས་ཀྱིས་བཏོན་པའི་”དབུ་མའི་ལམ་”དེ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་སྐོར་དང་། ད་དུང་ཁོང་ཚོས་སིཌ་ནིང་བོད་མིའི་དཀའ་རྙོག་དེ་སེལ་ནས་བོད་མི་ཚང་མ་འཆམ་མཐུན་གནས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་གནས་ཚུལ་རྒྱུས་ལོན་ལྟར་ན། ཕྱི་ལོ་ ༢༠༡༨ ནས་བཟུང་ལོ་ངོ་ ༤ ཙམ་གྱི་རིང་སིཌ་ནིང་བོད་མི་ནང་ཁུལ་གྱི་དཀའ་རྙོག་འདི་ད་ཐེངས་སེལ་ཐུབ་རྒྱུའི་རེ་བ་ཆེན་པོ་མངོན་ཡོད་པ་རེད། འོན་ཀྱང་མཐའ་མའི་ཐག་གཅོད་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༡ རྗེས་ལ་ཤེས་རྟོགས་ཡོང་རྒྱུ་ཡིན་པ་རེད།