ཉེ་ཆར་ནཱ་སཱ་ NASA ཡི་མཁའ་དབྱིངས་འགྲུལ་སྐྱོད་བྱེད་མཁན་བྷུ་ཆི་ཝིལ་མོར་ Butch Wilmore དང་སུ་ནེ་ཝི་ལམ་སི་ Suni Williams གཉིས་མཁའ་གྲུ་གཡུ་འབྲུག་རྟགས་ཅན་ Dragon Spacecraft ནང་ཞུགས་ནས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་དུས་ཡུན་ཟླ་བ་ ༩ མ་ཟིན་ཙམ་རིང་བསྡད་རྗེས་ཕྱིར་སའི་གོ་ལ་ཐོག་ལོག་ཐུབ་ཡོད། ཁོང་ཚོ་དེ་སྔོན་ ༢༠༢༤ ཟླ་ ༩ ཚེས་༢༨ ཉིན་སའི་གོ་ལ་ནས་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ནས་ཉེ་ཆར་ ༢༠༢༥ ཟླ་ ༣ ཚེས་ ༡༨ ཉིན་ཕྱིར་སའི་གོ་ལ་ཐོག་བདེ་འཇགས་ངང་འབབ་ཐུབ་པ་བྱུང་ཡོད།
ཁོང་ཚོ་རྒྱལ་སྤྱིའི་བར་སྣང་ས་ཚིགས་ ISS ནས་ཕྱིར་ལོག་རྒྱུར་དུས་ཡུན་ཟླ་བ་ ༩ ཙམ་འགག་ཡོད་པ་དང་། ཐོག་མའི་འཆར་གཞིར་ཉིན་གྲངས་ ༡༠ ཙམ་གྱི་ནང་ལས་འགན་སྒྲུབ་ཐུབ་པ་ཚོད་དཔག་བྱས་ཀྱང་། འཕྲུལ་ཆས་ཀྱི་གནད་དོན་དང་བདེ་འཇགས་སོགས་གནད་དོན་མང་པོ་ཞིག་གི་རྐྱེན་པས་དུས་ཡུན་ཟླ་བ་ ༩ ཙམ་འགོར་འགྱངས་བྱེད་དགོས་བྱུང་ཡོད།
ཡིན་ན་ཡང་དུས་ཡུན་དེའི་རིང་ཁོང་གཉིས་ཀྱིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ ISS ནས་བར་སྣང་ཁམས་ལ་ཞིབ་འཇུག་གང་མང་བྱས་པ་དང་། མཁའ་དབྱིངས་སུ་འགྲུལ་བཞུད་སྦྱོང་བརྡར་བྱས། ཁོང་ཚོའི་ལས་འགན་སྐབས་བསྡུ་རུབ་བྱས་པའི་གནས་ཚུལ་དང་ཉམས་མྱོང་རྣམས་མ་འོངས་པར་མཁའ་དབྱིངས་ཞིབ་འཇུག་དང་འཕུར་སྐྱོད་ལ་བྱས་རྗེས་རླབས་ཆེན་བཞག་ཐུབ་པ་བྱུང་ཡོད།
ཁོང་གཉིས་ཀྱི་གྲུུབ་འབྲས་ཁག་ཅིག
- བར་སྣང་ཁམས་སུ་དུས་ཡུན་རིང་པོ་འཚོ་གནས་སམ་འགྲུལ་བཞུད་དེས་མིའི་ལུས་ཕུང་ས་ཐོག་ལས་དམིགས་བསལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ།
- རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་གནས་ཚུལ་མང་པོ་ཞིག་གསར་རྙེད་ཤེས་རྟོགས་བྱུང་བའི་ནང་། ཆུ་དྭངས་སེལ་མ་ལག་གསར་པ་འཕེལ་རྒྱས་གཏོང་ཐབས།
- མིའི་ཤ་གནད་སྐམ་འགྲོ་དང་རུས་པ་ཉམས་རྒུད་གཏོང་ཐབས།
- སྤྲི་དཀར་ཕྲ་ཕུང་འཕེལ་རྒྱས་ཀྱི་ཚོད་ལྟའི་ཡར་རྒྱས་བཏང་ཡོད།
- ནཱ་སཱ་ཡི་ཨར་ཊི་མེ་སི་ Artemis ལས་རིམ་ནང་ ༢༠༢༥ ལོར་མི་རྣམས་ཟླ་བའི་ངོས་སུ་ཕྱིར་ལོག་འཁྲིད་འདོད་ཡོད། ད་དུང་ལེགས་གྲུབ་མ་བྱུང་ནའང་ཐེངས་འདིར་གོམ་པ་འགའ་ཤས་ཤིག་སྤོས་ཚར་བ་ཡིན།
( ནཱ་སཱའི་ Perseverance མཁའ་དབྱིངས་འགྲུལ་བཞུད་འཕྲུལ་འཁོར་དེས་ ༢༠༢༡ ཟླ་ ༢ པ་ནས་བཟུང་མིག་དམར་གྱི་གོ་ལར་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། འདས་པའི་དུས་སུ་ཟླ་བའི་གོ་ལའི་སྟེང་ཆུ་ཡོད་པའི་དཔང་རྟགས་རྙེད་པ་དང་སྲོག་ཆགས་ཀྱི་རྟགས་རྗེས་མུ་མཐུད་འཚོལ་བཞིན་ཡོད། )
བར་སྣང་ཁམས་སུ་འཚོ་བ་ནི་ང་ཚོས་སའི་གོ་ལ་ཐོག་མྱོང་བཞིན་པའི་འཚོ་བ་དང་གཏན་ནས་མི་འདྲ།
བར་སྣང་ཁམས་སུ་ས་གཞིའི་འཐེན་ཤུགས་དང་བྲལ་བས། མི་དང་དངོས་པོ་ཚང་མ་ཤོག་བྱ་ལྟར་ལྡིང་གི་ཡོད། ཁོང་གཉིས་ཕྱིར་སའི་གོ་ལ་ཐོག་སླེབས་རྗེས་མྱོངས་ཚོར་བརྗོད་དོན། ཝི་ལམ་གྱིས་ཁོ་མོའི་ཤ་རུས་གཉིས་ཀ་སྐམ་པོ་ཆགས་པ་དང་། ཁོ་མོ་ས་ཐོག་བབས་རྗེས་ས་གཞིའི་འཐེན་ཤུགས་ཀྱིས་རྐྱེན་པས་གཟུགས་པོ་ཡོམ་ཡོམ་བྱེད་ཀྱི་འདུག་ཅེས་དང་། ཡང་ཝི་མོལ་གྱིས་ཁོང་བར་སྣང་ཁམས་སུ་གཉིད་ཀྱི་དུས་ཚོད་དང་འཚོ་བ་གོམས་འདྲིས་ཕྱིན་པས་སའི་གོ་ལ་ཐོག་དུས་ཚོད་ཏག་ཏག་ལ་གཉིད་ཁུག་མི་ཐུབ་པས་སླར་ཡང་སྒྱུར་བཅོས་གོམས་འདྲིས་འཇགས་པར་ཉིན་འགའ་འགོར་སོང་ཟེར།
སེམས་ཚོར་དང་སེམས་ཁམས་ཀྱི་ཆ་ནས། ཁོང་གཉིས་ཀྱིས་དུས་ཡུན་རིང་པོ་ཁེར་རྐྱང་དང་བཀག་ཉར་ལྟར་བུ་ཡིན་པས། ཉམས་མྱོང་དེ་བསམ་ཚོད་ལས་བརྒལ་བ་ཞིག་རེད་ཅེས་དང་། དུས་ཡུན་རིང་པོ་ནང་མི་དང་གྲོགས་པོ་གྲོགས་མོ་ཚོ་དང་ཁ་བྲལ་བས་སེམས་ལ་དཀའ་ངལ་ཡང་ཆེན་པོ་བྱུང་སོང་ཟེར།
མཁའ་དབྱིངས་འགྲུལ་སྐྱོད་བྱེད་མཁན་དང་ས་ཐོག་ནས་འབྲེལ་མཐུད་བཀོད་སྒྲིག་གནང་མཁན་དབར་གྱི་འབྲེལ་བ་དམ་པོ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་གསལ་སྟོན་བྱས་འདུག
ཁོང་གཉིས་ཀྱིས་བར་སྣང་ཁམས་ནས་ཡ་མཚན་གྱི་ལྟད་མོ་ཡང་མང་པོ་ཞིག་མཐོང་གི་ཡོད་པ་དང་། ཉི་མ་ཤར་བ་དང་ཉི་མ་ནུབ་པ་མཐོང་བ་སྐབས་སུ་སྐབས་རེར་འཇིགས་སྣང་ཡང་སྐྱེ་བཞིན་ཡོད་སྐོར་བརྗོད་འདུག དུས་ཡུན་རིང་པོར་བར་སྣང་ཁམས་སུ་འཚོ་བ་བསྐྱལ་ནས་ཡང་བསྐྱར་སའི་གོ་ལ་ཐོག་འཚོ་བར་སྐྱེལ་བར་སླར་ཡང་གནས་སྟངས་མང་པོ་ཞིག་སྙོམ་སྒྲིག་བྱེད་དགོས་ཀྱི་འདུག་སྐོར་བརྗོད་འདུག
མ་ཚད་བར་སྣང་ཁམས་དང་ས་གཞི་གཉིས་དབར་འཐེན་ཤུགས་ཀྱང་མི་འདྲ་བས་གོམ་པ་རྒྱག་སྟངས་དང་འགུལ་སྐྱོད་བྱེད་སྟངས། ཅ་དངོས་བླངས་སྟངས་ཚུན་སླར་ཡང་གོམས་འདྲིས་བྱེད་དགོས་པ་སོགས་དགོད་བྲོ་པོ་ཡང་འདུག་ཅེས་འགྲེལ་བརྗོད་གནང་འདུག
སྡོད་ཁང་།
མཁའ་དབྱིངས་མཁའ་འགྲུལ་པ་ཚོར་མཁའ་དབྱིངས་རྒྱུ་ལམ་དམའ་རིམ་ནང་དུ་གནས་ཐུབ་པའི་མིས་བཟོས་སྐར་མདའ་དེ་རྒྱལ་སྤྱིའི་བར་སྣང་ས་ཚིགས་ ISS ཞེས་པའི་སྟེང་དུ་བསྐྱལ་ནས་ལས་ཀ་བྱེད་ཀྱི་ཡོད། ISS ལ་ཉལ་ཁང་དང་། ཚོད་ལྟ་ཁང་། དེ་བཞིན་འཚོ་གནས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་བཅས་བཀོད་སྒྲིག་བྱས་ཡོད།
ཉིན་རེའི་བྱེད་སྒོ།
མཁའ་གྲུར་བསྐྱོད་མཁན་ཚོས་ཉིན་ལྟར་ཆུ་ཚོད་ ༢ རིང་ལུས་རྩལ་སྦྱོང་ནས་ལུས་པོའི་བདེ་ཐང་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་པ་དང་། དེ་དང་ཆབས་ཅིག་ཚན་རིག་ཚོད་ལྟ་དང་། བར་སྣང་འགྲུལ་བཞུད། སའི་གོ་ལའི་ཆུ་ཚོད་ཉེར་བཞིའི་འཁོར་སྐྱོད་དང་བསྟུན་ནས་གཉིད་ཀྱི་དུས་ཚོད་སྙོམ་སྒྲིག་སོགས་བྱེད་དགོས།
དཀའ་ངལ།
བར་སྣང་ཁམས་སུ་འཐེན་ཤུགས་ཆུང་བ་དང་། དངོས་པོ་རྣམས་འཕྱོ་བ་དང་། གཡོ་འགུལ་ལ་སྙོམ་སྒྲིག་བྱེད་དགོས། འོད་ལྡོག་འཕྲོས་ཀྱིས་མིའི་ལུས་ཟུངས་ཀྱི་རིག་རྒྱུན་ཕྲ་ཕུང་ DNA ལ་གནོད་སྐྱོན་གཏོང་གི་ཡོད། ཁེར་རྐྱང་དུ་འཚོ་སྡོད་བྱེད་དགོས་པ་དང་། བརྩེ་བའི་མི་དང་འབྲེལ་འདྲིས་མི་ཐུབ་པ། གཉིད་མི་འདང་བ། གཉིད་ཀྱི་དུས་ཚོད་འཁྲུག་པ། དུས་ཡུན་རིང་པོ་ཁོར་ཡུག་ཆུང་ཆུང་ཞིག་གི་ནང་འཚོ་བ་སྐྱེལ་དགོས་པ་སོགས་དཀའ་ངལ་དང་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་ཡོད། མ་ཚད་མཁའ་དབྱིངས་འགྲུལ་སྐྱོད་པ་ཚོ་སྔོན་ནས་གྲ་སྒྲིག་དང་སྔོན་ནས་ཐུམ་སྒྲིལ་བྱས་པའི་ཁ་ལག་ཁོ་ན་བཟའ་དགོས། ཆེད་སྤྱོད་གསང་སྤྱོད་དང་གཙང་སྦྲ་མ་ལག་སྤྱད་དགོས། ཆུ་དང་མཁའ་དབུགས་བསྐྱར་སྤྱོད་བྱས་ནས་ཐོན་ཁུངས་གྲོན་ཆུང་བྱེད་དགོས་ཀྱི་ཡོད།
ལུས་སེམས་བདེ་ཐང་།
མཁའ་འགྲུལ་པ་ཚོས་མཁའ་དབྱིངས་འགྲུལ་བཞུད་ལ་གྲ་སྒྲིག་ཆེད་དུ་སྔོན་ནས་ལུས་སེམས་ཀྱི་སྦྱོང་བརྡར་ནན་པོ་བྱེད་དགོས་ཀྱི་ཡོད། ཁོང་ཚོར་རྒྱུན་དུས་ནས་སའི་གོ་ལ་ཐོག་རྟེན་གཞི་བྱས་པའི་རུ་ཁག་གིས་བརྟག་དཔྱད་དང་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད།
ཐུན་མོང་མ་ཡིན་པའི་ཉམས་མྱོང་།
མཁའ་དབྱིངས་མཁའ་འགྲུལ་པ་ཚོས་འཛམ་གླིང་གི་ཡུལ་ལྗོངས་མཛེས་པོ་ལ་རོལ་བ་དང་། ཉི་མ་ཤར་བ་དང་ཉི་ནུབ་ལ་ལྟ་བ་དང་། བར་སྣང་ཁམས་སུ་འཚོ་བ་ནི་ཡ་མཚན་ཅན་གྱི་མྱོང་ཚོར་ཞིག་ཡིན། འོན་ཀྱང་དེ་ལ་འཆར་གཞི་གཟབ་ནན་དང་། ཆེད་ལས་སྦྱོང་བརྡར་དགོས་ཀྱི་ཡོད།
མཁའ་སྤྱོད་པ་གཉིས་ངོ་སྤྲོད་མདོར་བསྡུས།
སུ་ནེ་ཏཱ་ཝི་ལམ་ Sunita "Suni" Williams ལགས་ནི་ཨ་རིའི་མཁའ་དབྱིངས་འགྲུལ་སྐྱོད་པ་ཞིག་དང་། ཨ་རིའི་མཚོ་དམག་གི་དམག་དཔོན་ཟུར་པ་ཞིག་ཀྱང་ཡིན། ཁོ་མོས་དེ་སྔོན་རྒྱལ་སྤྱིའི་མཁའ་དབྱིངས་ས་ཚིགས་རྟོགས་ཞིབ་ཀྱི་ལས་དོན་སྐབས་ ༡༤ པའི་ནང་མཉམ་ཞུགས་དང་། མཁའ་དབྱིངས་འགྲུལ་བཞུད་རྟོགས་ཞིབ་ཐེངས་ ༡༥ དང་ ༣༢ སྐབས་སུ་འཆར་འགོད་པ། ཐེངས་ ༣༣ སྐབས་སུ་བཀོད་འདོམས་པ་བཅས་ཀྱི་ཕྱག་ལས་གནང་མྱོངས་ཡོད་འདུག
ཁོ་མོ་ནི་ཨ་རིར་སྐྱེས་ཀྱང་ཁོང་གི་པཱ་ལགས་ Deepak Pandya ལགས་ནི་རྒྱ་གར་བ་ཞིག་ཡིན་པས། ཉེ་ཆར་ཁོ་མོར་ཕྱིར་སའི་གོ་ལ་ཐོག་ལོག་ཕེབས་རྗེས་ཁོ་མོའི་ཕ་སའི་ཕ་ཡུལ་རྒྱ་གར་ Gujarat མངའ་སྡེའི་ས་གནས་ཇུ་ལཱ་སན་ Jhulasan ནང་མི་མང་ཚོས་དགའ་བསུ་ཤུགས་ཆེ་གནང་འདུག
བྷུ་ཆི་ཝི་ལམ་ Butch Wilmore ལགས་ནི་ཨ་རི་བ་མཁའ་སྐྱོད་ཚན་རིག་པ་ཞིག་དང་། ཁོང་ནི་ཨ་རིའི་མཚོ་དམག་གི་ཚོད་ལྟའི་མཁའ་འགྲུལ་བ་ཞིག་ཡིན། ཁོང་གིས་མཁའ་དབྱིངས་འཕུར་སྐྱོད་ཐེངས་གསུམ་བྱས་མྱོངས་ཡོད་པ་དང་། ཐེངས་དང་པོ་ཕྱི་ལོ་ ༢༠༠༩ ལོར་འཕུར་སྐྱོད་ཀྱིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་དུས་ཡུན་ཉིན་གྲངས་ ༡༡ རིང་འཕུར་སྐྱོད་ཀྱིས་ལས་འགུན་བསྒྲུབས་ཡོད།
ནཱ་སཱ་ NASA (National Aeronautics and Space Administration) རྒྱལ་ཁབ་མཁའ་འགྲུལ་དང་མཁའ་དབྱིངས་འཕུར་སྐྱོད་འཛིན་སྐྱོང་ལྷན་ཁང་ནི། ཨ་རིའི་གཞུང་གིས་དོ་དམ་བྱེད་བཞིན་པའི་མཁའ་དབྱིངས་ཀྱི་ལས་འཆར་དང་བར་སྣང་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན།
NASA དེ་ ༡༩༥༨ ལོར་བཙུགས་པ་དང་དེའི་དམིགས་འདུན་གཙོ་བོ་ནི།
1. བར་སྣང་དང་སའི་གོ་ལའི་རླུང་ཁམས་ལ་འཚོལ་ཞིབ་བྱ་རྒྱུ།
2. བར་སྣང་དང་མཁའ་འགྲུལ་སྐོར་ལ་ཞིབ་འཇུག
3. བར་སྣང་འགྲུལ་སྐྱེལ་དང་མཁའ་གྲུ་གསར་གཏོད་དང་སྐོར་བསྐྱོད།
4. རྒྱལ་སྤྱིའི་མཁའ་དབྱིངས་བཟོ་ལས་ཁང་དང་ཞིབ་འཇུག་ཁང་གཞན་ཁག་དང་མཉམ་ལས་ཀྱིས་བར་སྣང་འཚོལ་ཞིབ་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་བཅས་དམིགས་ཡོད།
ནཱ་སཱ་ NASA ཡི་གྲུབ་འབྲས་ཁག་ཅིག་ནི།
• ཨ་ཕོ་ལོ་ Apollo ལས་གཞིའི་སྐབས་སུ་ཟླ་བའི་གོ་ལའི་སྟེང་ལ་འགྲོ་བ་མི་དངོས་སུ་བསྐྱོད་ཐུབ་པ་བྱུང་ཡོད།
• རྒྱལ་སྤྱིའི་བར་སྣང་ས་ཚིགས་ཐོག་ལ་ཞིབ་འཇུག་རྒྱ་ཆེན་པོ་བྱས་ཐུབ་ཡོད།
• Curiosity དང་ Perseverance ལྟ་བུའི་རང་འགུལ་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་སྐར་མ་མིག་དམར་སྐོར་འཚོལ་ཞིབ་རྒྱ་ཆེ་བྱས་ཡོད།
• Hubble བར་སྣང་རྒྱང་ཤེལ་དང་བར་སྣང་ལ་བརྟེན་པའི་ལྟ་ཞིབ་ཁང་གཞན་དག་མངག་གཏོང་འགོ་འཛུགས་བྱས།
• Artemis ལས་གཞི་ལྟ་བུའི་བར་སྣང་འགྲུལ་སྐྱེལ་གསར་པ་གསར་སྤེལ་བྱས་ཏེ་མིའི་རིགས་ཟླ་བའི་གོ་ལ་དང་དེ་ལས་འཕྲོས་པའི་ས་ཁོངས་སུ་འགྲོ་སྐྱོད་ཐུབ་ཡོད།
NASA ཡི་ལས་དོན་ལས་མི་ཚོས་འཇིག་རྟེན་གྱི་གོ་ལ་གཞན་མང་པོར་སྐོར་རྒྱུས་ལོན་འགོ་འཛུགས་དང་། ཞིབ་འཇུག་གི་ལག་རྩལ་ཡར་རྒྱས་བཏང་བ། མི་རབས་མང་པོར་ཚན་རིག་པ་གསོ་སྐྱོང་དང་། འཚོལ་ཞིབ་ཀྱི་ཐབས་ལམ་མང་པོ་གསར་དུ་རྙེད་པ་སོགས་འགྲོ་བ་མི་རྣམས་ལ་བར་སྣང་ཁམས་དང་གོ་ལ་གཞན་སྐོར་ཤེས་བྱ་གསར་པ་མང་པོ་ཞིག་མཁོ་སྤྲོད་དང་ཞིབ་འཇུག་གི་སེམས་ཤུགས་འཕར་མ་སྦྱིན་ཡོད།