དེ་སྔོན་འོས་བསྡུ་དྲིལ་བསྒྲགས་སྐབས་སྐུ་ཞབས་ཨན་ཐོ་ནེ་ཨལ་བྷ་ནིས་ Anthony Albanese དང་ཁོང་གི་ཆབ་སྲིད་ཚོགས་པས། གལ་སྲིད་ཁོང་ཚོའི་ཆབ་སྲིད་ཚོགས་པར་འོས་བསྡུ་རྒྱལ་ཁ་ཐོབ་ནས་གཞུང་འཛིན་ཆགས་ཚེ། ཨོ་གླིང་རྒྱལ་ཁབ་དང་མི་མང་གི་ཆབ་དཔལ་རིག་གསུམ་ལ་ཕན་པའི་ལས་དོན་མང་པོ་ཞིག་བསྒྱུར་བཅོས་དང་གསར་རྩོམ་བྱ་རྒྱུ་ཡིན་པའི་ཁས་ལེན་དྲིལ་བསྒྲགས་བྱས་ཡོད།
ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པས་ཁས་ལེན་བྱས་པའི་ལས་དོན་མང་དག་ཅིག་ཡོད་པའི་ནང་ནས་གལ་ཆེ་ཤོས་ཁག་ཅིག་ནི།
རྒན་གསོ་ཁང་། Aged care
ཁོང་གི་དེ་སྔོན་འོས་བསྡུ་དྲིལ་བསྒྲགས་སྐབས་ཀྱི་གཏམ་བཤད་ནང་། གལ་སྲིད་ང་ཚོས་རྒན་གསོ་ཁང་ཁག་གི་གནས་བབས་ཡར་རྒྱས་གཏོང་དགོས་ཚེ་གཞུང་ (སྐབས་དེའི་གཞུང་འཛིན་གུ་ཡངས་ཚོགས་པ་ Liberal Pary) དེ་བརྗེ་པོ་རྒྱག་དགོས་ཞེས་དང་། སྐུ་ཞབས་ཨན་ཐོ་ནེ་ཡིས་རྒན་གསོ་ཁང་ཁག་གི་ནང་ཞལ་ལག་དང་། སྡོད་གནས་བདེ་འཇགས། ད་དུང་ལས་མིའི་གླ་ཆ་སྤར་རྒྱུ། གཞན་ཡང་རྒན་གསོ་ཁང་ཁག་གི་ནང་ཆུ་ཚོད་ ༢༤ རིང་ལག་འཁྱེར་ལྡན་པའི་སྨན་ཞབས་མ་ཡོད་པའི་མཐུན་རྐྱེན་སྦྱར་རྒྱུ་བཅས་ཀྱི་ཆེད་ཨོ་སྒོར་ཐེར་འབུམ་ ༢་༥ འགྲོ་གྲོན་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད།
ལྐོག་ཟ་རུལ་སུངས་ཞིབ་དཔྱོད་ལྷན་ཚོགས། Anti-corruption commission
ངལ་རྩོལ་ཚོགས་པས་ང་ཚོས་འདི་ལོའི་ལོ་འཇུག་ནས་རྒྱལ་ཡོངས་ལྐོག་ཟ་རུལ་སུངས་ཞིབ་དཔྱོད་ལྷན་ཚོགས་ཤིག་གསར་འཛུགས་བྱ་རྒྱུ་ཡིན། ཞིབ་དཔྱོད་ལྷན་ཚོགས་དེས་ཆབ་སྲིད་མི་སྣ་དང་སྤྱི་དམངས་ཞབས་ཞུ་བ་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ཞིབ་འཇུག་བྱ་རྒྱུ་དང་། ངལ་རྩོལ་ཚོགས་པས་མི་མང་ཚང་མ་དང་། རྒྱུ་མཚན་ཡང་དག་ཡོད་མེད་ལ་བལྟོས་པར་ཆབ་སྲིད་མི་སྣ་ཚོའི་སྐད་ཆ་ཡང་ཉན་འཇོག་བྱ་རྒྱུ་ཡིན།
མ་ཚད་ཞིབ་དཔྱོད་ལྷན་ཚོགས་དེས་གོང་རིམ་གྱི་བཀའ་སྒུག་མི་དགོས་པར་ལྐོག་ཟ་རུལ་སུངས་ལ་ཐད་ཀར་ཞིབ་འཇུག་འགོ་འཛུགས་བྱ་རྒྱུའི་དབང་ཚད་ཡོད་པས་མ་ཚད། ད་དུང་འདས་པའི་དུས་ཡུན་ནང་གི་ལྐོག་ཟ་རུལ་སུངས་ཡང་ཞིབ་འཇུག་བྱ་རྒྱུའི་དབང་ཚད་ཡོད་སྐོར་བརྗོད་འདུག
བུ་བཅོལ་ཁང་། Childcare
ངལ་རྩོལ་ཚོགས་པས་གལ་སྲིད་ཁོང་ཚོ་གཞུང་འཛིན་ཆགས་ཚེ་ཕྱི་ལོ་ ༢༠༢༢ ཟླ་ ༧ ནས་འགོ་བཙུགས་ཏེ། ཁྱིམ་ཚང་རྣམས་ལ་མ་འོངས་པར་ཕྲུ་གུ་རྣམས་བུ་བཅོལ་ཁང་ལ་བཞག་སའི་གླ་ཆའི་བརྒྱ་ཆ་ ༨༥ ནས་ ༩༠ བར་གཞུང་གིས་སྤྲོད་རྒྱུ་དང་། དེ་ཡང་དཔེར་ན་ཕྱི་ལོ་ ༢༠༢༢ ནང་ཁྱིམ་ཚང་དེར་ལོ་གཅིག་གི་ཡོང་འབབ་ཨོ་སྒོར་ ༨༠༠༠༠ ལས་ཉུང་བ་ཡིན་ཚེ་ཕ་མ་ཚོས་བུ་བཅོལ་ཁང་ལ་ཕྲུ་གུ་ལྟ་སྐྱོང་ཆེད་གླ་ཆ་བརྒྱ་ཆ་ ༡༠ ཙམ་ལས་སྤྲོད་དགོས་ཀྱི་མེད་པ་རེད་འདུག
ངལ་རྩོལ་ཚོགས་པས་ལས་འཆར་དེར་མ་འོངས་ལོ་བཞིའི་རིང་ཨོ་སྒོར་ཐེར་འབུམ་ ༦་༢ ཙམ་གཏང་ནས་ཕྲུ་གུ་བུ་བཅོལ་ཁང་ནང་འཇོག་རྒྱུའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང་། དེས་ཕྲུ་གུའི་ཨ་མ་མང་པོ་ཞིག་ཉིན་གང་ལས་ཀར་བསྐྱོད་ཐུབ་རྒྱུའི་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་གལ་སྲིད་ནང་མི་ཞིག་ལ་ལོ་གཅིག་གི་ཡོང་འབབ་ཨོ་སྒོར་ ༡༨༩༣༩༠ ཡིན་ཚེ་ཕྲུ་གུ་ལྟ་སྐྱོང་ཆེད་བུ་བཅོལ་ཁང་ལ་ལོ་གཅིག་རིང་ཨོ་སྒོར་ ༡༠༥༦༠ ཙམ་སྤྲོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག
གནམ་གཤིས་འགྱུར་ལྡོག Climate change
ངལ་རྩོལ་ཚོགས་པས་ཕྱི་ལོ་ ༢༠༣༠ བར་ལྗང་ཁང་རླངས་ (ནག་) རྫས་ Greenhouse Gas བརྒྱ་ཆ་ ༤༣ ཙམ་ཉུང་དུ་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་དང་། དེ་ཡ་གཙོ་བོར་ལྗང་མདོག་འཛུགས་བསྐྲུན་ཆེད་མ་དངུལ་གཏང་རྒྱུ། བསྐྱར་གསོ་རུང་བའི་གློག་རིགས་ཀྱི་ཡོ་ཆས་ཐོན་བསྐྱེད་བྱ་རྒྱུ། གློག་གི་རླངས་འཁོར་གོང་ཆུང་བཟོ་རྒྱུ། རྒྱལ་ཡོངས་ས་གནས་ཁག་ལ་གློག་སྒམ་དང་ཉི་གློག་མ་ལག་གསར་འཛུགས་རྒྱ་ཆེ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
གཞན་ཡང་ངལ་རྩོལ་ཚོགས་པས་ཕྱི་ལོ་ ༢༠༢༥ བར་ཁྱིམ་ཚང་རེ་ལ་ལོ་རེའི་གློག་རིན་ཨོ་སྒོར་ ༢༧༥ མར་གཅོག་རྒྱུ་དང་། དེར་གཞུང་གི་འགྲོ་སོང་ཨོ་སྒོར་ས་ཡ་ ༦༨༣ ཙམ་གཏོང་དགོས་ཀྱི་ཡོད་འདུག
རྒྱལ་སྲུང་། Defence
སྐུ་ཞབས་ཨན་ཐོ་ནེས། ཁོང་གིས་འཛིན་པའི་གཞུང་དེས་མ་འོངས་པར་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་ཆེད་མ་དངུལ་རྒྱལ་དམངས་དཔལ་འབྱོར་ GDP ལས་བརྒྱ་ཆ་ ༢ ལས་མི་ཉུང་བ་རྒྱལ་སྲུང་ཐོག་འགྲོ་གྲོན་གཏོང་རྒྱུ་དང་། ད་དུང་མཚོ་དམག་ཆེད་དམག་གྲུ་གསར་བཟོ་བྱེད་སྲིད་པ་དང་། ད་དུང་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཐད་ཟླ་སྦྲེལ་ཆབ་སྲིད་ཚོགས་པ་གཞན་དང་བསམ་ཚུལ་མ་འདྲ་བ་ཡོད་ཀྱང་། ང་ཚོས་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐའེ་ཝན། ཧོང་ཀོང་། གཞན་ཡང་ཡུ་གུར་དང་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་གནས་བབས་གཅིག་མཚུངས་ཡིན་སྐོར་བརྗོད་འདུག
ཤེས་ཡོན། Education
ངལ་རྩོལ་ཚོགས་པས་གཙོ་བོར་ས་གནས་གང་ཞིག་ཏུ་ཤེས་ཡོན་གྱི་ལྟེ་གནས་ཉུང་སྐྱོན་ཡོད་ཚེ། ཁྱོན་གཙུག་ལག་སློབ་གཉེར་ཁང་ ༢༠༠༠༠ ཙམ་གསར་འཛུགས་བྱ་རྒྱུ་ཡིན་སྐོར་དང་། ལས་འཆར་དེའི་ཐོག་ནས་ས་ཁུལ་ཁག་དང་། ས་གནས་ཁུག་ཀྱོག་ཁག གཞན་ཡང་རྒྱལ་ཁབ་ཀྱི་མི་རིགས་དང་པོ་རྣམས་ཀྱི་སློབ་མ་དང་། རྒྱུན་དུ་ཁེ་ཕན་ཉུང་བ་ཐོབ་བཞིན་པའི་རྒྱབ་ལྗོངས་ཅན་གྱི་སློབ་མ་རྣམས་ལ་སློབ་ཞུགས་ཀྱི་གོ་སྐབས་མང་བ་བསྐྲུན་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།
ད་དུང་ངལ་རྩོལ་ཚོགས་པས་མ་འོངས་ལོ་ ༤ ཡི་རིང་ལག་ཤེས་དང་ཤེས་ཡོན་ཁ་གསབ་ལྟེ་གནས་ TAFE (Technical and further education) གྲངས་ ༤༦༥༠༠༠ ཙམ་ལ་མ་དངུལ་ཆེད་གཏོང་དང་། སྦྱོང་བརྡར་ལྟེ་གནས་ཁག་གསར་པ་ ༤༥༠༠༠ ཆགས་རྒྱུ་ཡིན་སྐོར་བརྗོད་འདུག
འཕྲོད་བསྟེན། Health
འཕྲོད་བསྟེན་ཐད་གཞུང་འཛིན་ངལ་རྩོལ་ཚོགས་པས་མ་འོངས་པར་སྨན་རིན་ཆུང་དུ་གཏོང་རྒྱུ་དང་། དེ་ཡང་དཔེར་ན་སྨན་ཞིག་ལ་ཨོ་སྒོར་ ༣༠ གནས་ཀྱི་ཡོད་ཚེ་མ་འོངས་པར་ཨོ་སྒོར་ ༡༢་༥༠ ལས་སྤྲད་དགོས་ཀྱི་མེད་སྐོར་དང་ ། ད་དུང་མ་འོངས་པར་ཛ་དྲག་ལྟ་སྐྱོང་སྨན་ཁང་ Urgent Care Clinic གྲངས་ ༥༠ ཙམ་བསྐྲུན་རྒྱུ་དང་དེས་སྨན་ཁང་གི་ཛ་དྲག་བསྟེན་གཏུགས་སྡེ་ཚན་ Hospital Emergency Depaartment ཁག་གི་འཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད།
སྡོད་ཁང་། Housing
མ་འོངས་པར་སྡོད་ཁང་གསར་རྒྱག་གི་ལས་འཆར་ལ་ཨོ་སྒོར་ཐེར་འབུམ་ ༡༠ ཙམ་གཏོང་རྒྱུའི་ཆ་ཤས་ནང་། མ་འོངས་ལོ་ ༥ ཚན་དང་པོའི་ནང་གཞུང་གི་སྤྱི་དམངས་སྡོད་ཁང་ ༢༠༠༠༠ ཙམ་གསར་རྒྱག་བྱ་རྒྱུ་དང་། ཁྱིམ་ཚང་ནང་གི་དྲག་སྤྱོད་དཀའ་ངལ་འོག་བུད་མེད་དང་ཕྲུ་གུ་རང་ཁྱིམ་ནས་བྲོས་བྱོལ་བྱས་ནས་སྡོད་གནས་མེད་པ་རྣམས་ཀྱི་ཆེད་སྡོད་ཁང་ ༤༠༠༠ ཙམ་གསར་རྒྱག་བྱ་རྒྱུ། གཞན་ཡང་གདོད་མའི་མི་རིགས་རྣམས་ཀྱི་སྡོད་ཁང་བཟོ་བཅོས་དང་ལེགས་གསོ་བྱ་རྒྱུ།
ང་ཚོའི་སྡོད་ཁང་ལས་འཆར་དེས་ལོ་རེར་ལས་ཀ་གྲངས་ ༢༡༥༠༠ ཙམ་གསར་དུ་བསྐྲུན་ཐུབ་རྒྱུ་ཡིན་སྐོར་དང་། ཏོག་དབྱིབས་ནད་ཡམས་སྐབས་མདུན་དུ་མཆོང་མཁན་སྨན་ཞབས་པ་ཚོ་དང་། ཉེན་རྟོག་པ། ད་དུང་གཙང་བཟོ་བ་བཅས་ཀྱི་ཆེད་དུ་སྟབས་བདེ་ཁང་ཆུང་ ༡༠༠༠༠ ཙམ་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག
ད་དུང་ངལ་རྩོལ་ཚོགས་པས་སྡོད་ཁང་ཐད་འདྲ་མཉམ་མཉམ་སྐྱོད་ ( Share Equity) ཞེས་པའི་སྲིད་བྱུས་འོག ལོ་རེར་སྡོད་ཁང་གྲངས་ ༡༠༠༠༠ ཙམ་རེར་གསར་རྒྱག་གིས་དགོས་གལ་ཅན་གྱི་སྡོད་ཁང་ཉོ་མཁན་རྣམས་ལ་གཞུང་གིས་ངོས་ནས་མ་འོངས་པར་མ་དངུལ་བརྒྱ་ཆ་ ༣༠ ནས་ ༤༠ བར་གཏང་རྒྱུའི་འཆར་གཞི་ཡོད་སྐོར་དང་། ལས་འཆར་དེ་ནི་མི་སྒེར་ཞིག་གིས་ལོ་རེར་ཡོ་འབབ་ཨོ་སྒོར་ ༩༠༠༠༠ དང་བཟའ་ཚང་ཞིག་གིས་ལོ་རེར་ཡོང་འབབ་ཨོ་སྒོར་ ༡༢༠༠༠༠ ལས་ཉུང་བ་གསོག་མཁན་ཚོའི་ཆེད་དུ་ཡིན་སྐོར་བརྗོད་འདུག
ད་དུང་ངལ་རྩོལ་ཚོགས་པས་ཚོད་དཔག་བྱས་ན་ཁང་པ་རིན་གོང་ཤིན་ཏུ་ཆེ་སའི་ཁྲོམ་ར་ཞིག་ནས་སྡོད་ཁག་ཅིག་ལ་ཁང་རིན་ཨོ་སྒོར་ ༣༨༠༠༠༠ ཙམ་བར་མར་གཅོག་ཐུབ་རྒྱུ་ཡིན་སྐོར་དང་། གཞན་ཡང་ཁང་པ་ཉོ་སྐབས་མ་འཇོག་གི་བརྒྱ་ཆ་དང་། བསྐྱེད་ཀ་སོགས་ཀྱང་དམའ་རུ་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག