ཨོ་སི་ཊོ་ལི་ཡའི་ནང་སྦྲུལ་དང་འབུ་སྡོམ་རིགས་ཀྱིས་སོ་བརྒྱབ་ཚེ་ཁྱེད་ཀྱིས་ཤེས་དགོས་པའི་གནས་ཚུལ་ཁག་ཅིག

ཨོ་སི་ཊོ་ལི་ཡའི་ནང་འབུ་སྡོམ་རིགས་མང་ཆེ་བས་སོ་བརྒྱབ་ཀྱང་མི་ཚོས་གནོད་པ་དེ་ཙམ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད། དུག་ཡོད་པའི་སྦྲུལ་གྱིས་སོ་བརྒྱབ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་མིན་ཡང་གལ་སྲིད་དེ་ཚོས་སོ་བརྒྱབ་ཚེ་ག་རེ་བྱེད་དགོས་མིན་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། སོ་བརྒྱབ་པ་ཁག་ཅིག་གིས་ཚེ་སྲོག་ལའང་ཉེན་ཁ་འཕྲད་སྲིད་ཀྱི་ཡོད།

pressure immob bandage.jpg
ཨོ་སི་ཊོ་ལི་ཡའི་ནང་འཇིགས་སུ་རུང་བའི་དུག་ལྡན་སྲོག་ཆགས་ཀྱི་ཉེན་ཁ་ཆེན་པོ་ཡོད་སྐོར་སྐད་གྲགས་ཡོད་ཀྱང་། འབུ་སྡོམ་སྐོར་ལ་བཤད་ན་དེ་ནི་བསོད་ནམས་ཅན་གྱི་ལུང་པ་ཞིག་ཡིན། 

ནིའུ་སའོ་ཐི་ཝལ་མངའ་སྡེའི་དུག་རྫས་སྐོར་གྱི་ཤེས་བྱ་ལྟེ་གནས་ཀྱི་སྨན་བཅོས་འགན་འཛིན་ཌ་རན་རོ་བྷར་ཊི་ Darren Roberts ལགས་ཀྱིས་འགྲེལ་བརྗོད་གནང་དོན། 

ཁོང་གིས་སྤྱིར་བཏང་ང་ཚོ་ཨོ་སི་ཊོ་ལིའི་ཡའི་ནང་ཡོད་པ་དེ་སྟབས་ལེགས་པ་ཞིག་རེད། འབུ་སྡོམ་གཅིག་རང་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནི་ funnel-web ཞེས་པའི་འབུ་སྡོམ་དེ་རེད། རྒྱབ་དམར་འབུམ་སྡོམ་ Redback Spiders རིགས་ལ་དུག་ཡོད་ཀྱང་དེ་ཚོས་གཟུགས་པོ་མི་བདེ་བ་བཟོ་བ་ལས་མི་ཤི་བ་དང་། སྨན་ཁང་ནང་འགྲོ་དགོས་འཁེལ་བ་དེ་འདྲ་དཀོན་པོ་རེད། དེ་འདྲ་སོང་ཙམ་ཨོ་སི་ཊོ་ལི་ཡའི་ནང་སྤྱི་ཡོངས་འབུ་སྡོམ་ཁག་ནི་དུག་ཉུང་ཉུང་དང་དུག་མེད་པ་དེ་འདྲ་རེད་ཅེས་གསུངས་འདུག

རྒྱབ་དམར་འབུ་སྡོམ་ལ་དུག་ཡོད་མོད་དེས་སོ་བརྒྱབ་ཚེ་ཆུ་ཚོད་ཁ་ཤས་ཙམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་གལ་སྲིད་གཉན་ཁ་བརྒྱབ་པ་དང་ཇེ་སྡུག་ཏུ་མ་ཕྱིན་ན་སྨན་ཁང་ནང་འགྲོ་ནས་སྨན་བཅོས་བྱེད་དགོས་དགོས་ཐུབ་ཀྱི་མེད།

funnel-web ཕུད་པའི་དེ་མིན་གྱི་འབུ་སྡོམ་ཁག་རྒྱབ་དམར་འབུ་སྡོམ་དང་འདྲ་བར་སྨྱུར་སྐྱོབ་སྨན་བཅོས་བྱེད་སྟངས་གཅིག་པ་ཡིན། 

གལ་སྲིད་སེམས་ཅན་དེ་དག་གིས་སོ་བརྒྱབ་ཚེ་དུག་ཕོག་སའི་ས་ཆ་དེ་བཀྲུ་དགོས་པའི་ལམ་སྟོན་དང་།  སོ་བརྒྱབ་ས་དེ་གང་འདྲ་ཆགས་ཀྱི་འདུག་དུས་ནས་དུས་སུ་བརྟག་དཔྱད་བྱེད་དགོས་པ་རེད། མ་གཏོགས་བལྟས་ནས་བསྡད་པ་ཡིན་ན་ཇེ་སྡུག་ཏུ་འགྲོ་སྲིད། སོ་བརྒྱབ་ས་དེ་འགྱུར་བ་ག་ལེར་ལས་འགྲོ་བཞིན་མེད་ན་སྨན་ཁང་ནང་འགྲོ་དགོས་འཁེལ་གྱི་མེད་ཅེས་གསུངས་འདུག

སྡོམ་གྱིས་སོ་བརྒྱབ་ས་དེར་རྒྱུན་དུ་ན་ཟུག་གཏོང་གི་ཡོད་པས་སོ་བརྒྱབ་ས་དེར་གྲང་མོ་དང་འཁྱག་པ་དེ་འདྲ་རས་ནང་གཏུམ་ནས་སྦྱར་དགོས་པ་ཡིན། སོ་བརྒྱབ་ས་དེ་ག་རང་ལ་སྐར་མ་ ༡༥ ཙམ་བཞག་ཚེ་ན་ཚ་ག་ལེར་ཡལ་འགྲོ་ངེས་ཡིན།

རྒྱུན་དུ་སྡོམ་གྱིས་སོ་བརྒྱབ་རྗེས་མི་རྣམས་ཀྱིས་རྗེས་ནས་མ་གཏོགས་ཤེས་ཚོར་ཡོང་གི་མེད། ཌོ་ཊར་རོ་བྷར་ཊིས་ Dr Roberts ཡིས་གནས་ཚུལ་དེ་ནི་ funnel-web ཞེས་པའི་སྡོམ་དེས་སོ་བརྒྱབ་རྗེས་གནས་ཚུལ་དེ་འདྲ་ཡོང་གི་ཡོད་སྐོར་བརྗོད་འདུག

 ཁོང་གིས་ funnel-web ཞེས་པའི་སྡོམ་དེས་སོ་བརྒྱབ་རྗེས་ན་ཟུག་གཏོང་གི་ཡོད། དེས་སོ་བརྒྱབ་པ་དང་མཉམ་དུ་དུག་གཏོང་གི་ཡོད། མགྱོག་པོ་དང་ཡང་ན་དུས་ཡུན་སྐར་མ་ ༣༠ ནས་ ༦༠ ཡི་ནང་ལ་མི་རྣམས་ལ་ན་ཟུག་གཏོང་བ་དང་། སྙིང་འཕར་བ། རྔུལ་ནག་བཞུར་བ། དབུག་གཏོང་ལེན་མི་ཐུབ་པ། མཆུ་ཏོ་འདར་འགུལ་བྱེད་པ། མཚམས་རེར་ཁོང་ཚོའི་ཤ་གནད་ཟུང་ཤུགས་ཟད་པའི་ཚོར་སྣང་དང་འདར་སིག་སོགས་རྒྱག་གི་ཡོད།

དེ་འདྲ་སོང་ཙམ་  funnel-web སྡོམ་གྱི་དུག་དེས་མིའི་ཚེ་སྲོག་འཕྲོག་གི་ཡོད་པའི་རྐྱེན་གྱིས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད། སྡོམ་དེས་སོ་བརྒྱབ་ཚེ་མི་ཁག་ཅིག་ན་ཟུག་ཧ་ཅང་གཏོང་གི་ཡོད་པ་དང་མྱུར་སྐྱོབ་རླངས་འཁོར་སྐད་གཏོང་ནས་སྨན་ཁང་ནང་སྨན་བཅོས་བྱེད་དགོས་འཁེལ་གྱི་ཡོད་པ་རེད་ཅེས་གསུངས་འདུག

ཧྲན་ཧྥ་རན་སེ་སི་ Shaun Francis ནི་ཁུན་སི་ལན་ཌིའི་ནང་རོ་ཡལ་ཧྥི་ལའེ་ཞེས་པའི་སྨན་པའི་ཞབས་ཞུ་ཡི་ཡན་ལག་ཨོ་སི་ཊོ་ལི་ཡའི་ནང་ས་ཁུག་དང་ལུང་ཁུག་ནང་ཆུ་ཚོད་ ༢༤ རིང་ཛ་དྲག་སྨན་བཅོས་ཞབས་ཞུའི་སྨན་པ་ཞིག་རེད། 

RFDS ཞེས་པའི་སྨན་པ་ཞབས་ཞུ་དེའི་འབྲེལ་མཐུད་ཁ་པར་ཨང་གྲངས་ 1300 69 7337 དེ་ནི་མྱུར་མགྱོག་འཕྲོད་བསྟེན་ཞབས་ཞུ་ཞིག་ཡིན་པ་དང་། སྦྲུལ་དང་སྡོམ་སོགས་ཀྱིས་སོ་བརྒྱབ་པ་སོགས་ཛ་དྲག་མྱུར་སྐྱོབ་སྨན་བཅོས་དགོས་ཚེ་ཁ་པར་ཨང་གྲངས་ཀླད་ཀོ་གསུམ་ 000 ལ་དེ་མ་ཐག་འབྲེལ་གཏུགས་བྱེད་དགོས་པ་ཡིན།

གནམ་གྲུ་བསུ་ལེན་གྱི་སྨན་བཅོས་ནི་གལ་སྲིད་ནད་པས་རེ་འདུན་བཏོན་ཚེ་ནད་པ་བསུ་ལེན་བྱེད་མཁན་གྱི་ཞབས་ཞུ་ཞིག་རེད། སྐབས་རེར་སྦྲུལ་དང་སྡོམ་དེ་འདྲས་སོ་བརྒྱབ་སྐབས་ཞབས་ཞུ་དེ་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ས་གནས་ཁ་ཤས་ལ་ནད་པ་མང་དྲག་པའི་རྐྱེན་གྱིས་ཞབས་ཞུ་དེ་རག་གི་ཡོད་པ་མ་རེད། དེ་འདྲ་སོང་ཙམ་ནད་པ་དེ་འདྲས་ང་ཚོ་ལ་ཁ་ཐུག་ཁ་པར་གཏོང་ཡོང་གི་འདུག ཁོང་ཚོས་ཁ་པར་བརྒྱུད་སྨན་པར་སྐད་ཆ་འདྲི་བ་དང་སྨན་པས་ཁོང་ཚོར་ལམ་སྟོན་དང་། མྱུར་མགྱོག་སྨན་བཅོས་བྱེད་སྟངས། སྨན་བཅོས་རག་ཐབས་སོགས་ལམ་སྟོན་གནང་གི་ཡོད་པ་རེད་ཅེས་གསུངས་འདུག

སྦྲུལ་གྱིས་སོ་བརྒྱབ་པ་ཚང་མ་དུག་ཕོག་པར་བརྩི་གི་ཡོད། འོན་ཀྱང་སྡོམ་གྱིས་སོ་བརྒྱབ་པ་ནི་རྒྱུན་ལྡན་ཞིག་དང་འཕྲོད་བསྟེན་ཆེད་མཁས་མི་སྣས་ནད་རྟགས་ལ་བརྟག་ནས་ལམ་སྟོན་གནང་གི་ཡོད།

ཌོ་ཊར་ཧྥ་རན་སི་སེས་སྤྱིར་བཏང་སྦྲུལ་གྱིས་མི་སུ་ཞིག་ལ་སོ་བརྒྱབ་ཡོད་ཚེ་ང་ཚོས་ནད་རྟགས་རྩ་བ་ནས་མེད་ཀྱང་དུག་ཕོག་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་དེ་ནི་བདེ་འཇགས་ཀྱི་ཆེད་དུ་ཡིན།  སྡོམ་གྱིས་སོ་བརྒྱབ་པ་ནི་ཏོག་ཙམ་ཁག་པོ་རེད། དུས་རྒྱུན་སྡོམ་གྱི་རིགས་ཁག་ཅིག་གིས་སོ་བརྒྱབ་ཀྱང་རྨས་སྐྱོན་བཏང་ཡོད་པ་ཤེས་རྟོགས་ཡོང་གི་མེད། སྡོམ་རྒྱབ་དམར་དང་གཞན་ཡང་    funnel-web སོགས་སྡོམ་གྱི་རིགས་གང་ཞིག་གིས་སོ་བརྒྱབ་ཚེ་དེ་ནི་སེམས་འཁུར་བྱེད་དགོས་པ་ཞིག་ཡིན། ང་ལ་གལ་སྲིད་སྡོམ་གྱིས་སོ་བརྒྱབ་ཡོད་ཚེ་ཚོར་བ་མི་བདེ་བ་ཞིག་ཡོང་གི་ཡོད། དེ་འདྲ་སོང་ཙམ་ནད་རྟགས་མང་བ་ཐོན་ཚེ་ང་ཚོ་སེམས་ཁྲལ་མང་བ་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་སྦྲུལ་དང་སྡོམ་གྱིས་སོ་བརྒྱབ་ཚེ་སོ་བརྒྱབ་སའི་མཐའ་སྐོར་ནས་རྨ་རས་དཀྲིས་དགོས་པ་རེད། མྱུར་སྐྱོབ་རླངས་འཁོར་མ་སླེབས་བར་དུ་སྒུག་དགོས་པ་ཡིན།

funnel-web ཞེས་པའི་སྡོམ་གྱིས་སོ་བརྒྱབ་ཚེ་གོམ་པ་རྒྱག་ནས་འགྲོ་བསྐྱོད་བྱ་རྒྱུ་མེད། གོམ་པ་བརྒྱབ་ནས་འགྲོ་བསྐྱོད་བྱས་ཚེ་དུག་རྣམས་ལུས་པོ་ཡོངས་ལ་ཁྱབ་འགྲོ་ཡི་ཡོད། མྱུར་སྐྱོབ་རླངས་འཁོར་ཁ་ཤས་ལ་་དུག་འགོག་སྨན་བཅོས་མཐུན་རྐྱེན་ཀྱང་ཡོད་པ་རེད། ཁོང་ཚོས་དེ་མ་ཐག་དུག་འགོག་སྨན་བཅོས་བྱས་རྗེས་སྨན་ཁང་ནང་འཁྱེར་འགྲོ་གི་རེད་ཅེས་གསུངས་འདུག

གྲངས་ཐོར་ལྟར་ན་སྤྱིར་བཏང་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་སྦྲུལ་ནི་ཧ་ཅང་དཀོན་པོ་ཡིན། ཉེ་བའི་ཆར་གནས་ཚུལ་ཤེས་རྟོགས་ལྟར་ན་ལོ་རེར་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་གྲངས་ ༣༠༠༠ ཙམ་ལ་སྦྲུལ་གྱིས་སོ་རྒྱག་གི་ཡོད་ཀྱང་དེའི་ནང་མི་ ༢ ཙམ་ལས་འཆི་སྐྱོན་ཡོང་གི་མེད་པ་རེད།

 སྦྲུལ་ཁ་ཤས་ཀྱིས་སོ་བརྒྱབ་ཀྱང་དུག་གཏོང་གི་མེད། འོན་ཀྱང་སྦྲུལ་གྱིས་སོ་བརྒྱབ་པ་ཚང་མ་ངེས་པར་དུ་དུག་ཕོག་པར་བརྩིས་ནས་སྨན་བཅོས་བྱེད་དགོས་པ་ཡིན། 

ཌོ་ཊར་ཧྥ་རན་སེ་སིས་ Dr Francis སྦྲུལ་དང་སྡོམ་སོགས་ཀྱིས་སོ་བརྒྱབ་རྗེས་རྨ་རས་རྒྱག་པ་དང་དུག་མི་ཁྱབ་པ་བྱེད་པ། དེ་ནས་མྱུར་སྐྱོབ་ཞབས་ཞུ་ལ་ཁ་པར་གཏོང་བ་བཅས་རིམ་པ་གསུམ་ལག་བསྟར་བྱེད་དགོས་སྐོར་གསུངས་འདུག

ཁོང་གིས་སྦྲུལ་གང་འདྲ་ཞིག་གིས་སོ་བརྒྱབ་ཀྱང་དུག་ཕོག་ཡོད་མེད་དང་ནད་རྟགས་ཡོད་མེད་ལ་མ་བལྟོས་པར་མྱུར་མགྱོག་སྨན་བཅོས་བྱེད་དགོས་པ་ཡིན། གལ་སྲིད་ང་ཚོས་མི་ཞིག་ལ་སྦྲུལ་གྱིས་སོ་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཚེ་དེ་མ་ཐག་རྨ་རས་རྒྱག་པ་སོགས་མྱུར་མགྱོག་སྨན་བཅོས་བྱེད་དགོས་པ་དང་། དུག་མ་གྲམ་པ་བྱེད་རྗེས། སྨན་བཅོས་ཞབས་ཞུ་ལ་འབྲེལ་གཏུགས་བྱེད་དགོས་པ་རེད་ཅེས་གསུངས་འདུག

གྷ་ནེ་ཧོན་གྷུ་སོན་ Gianni Hodgson ལགས་ནི་ཝི་ཊོ་རི་ཡའི་ས་ཁུལ་དུ་སྦྲུལ་བཟུང་བར་ཆོག་མཆན་ལག་འཁྱེར་ཡོད་མཁན་ཞིག་ཡིན། ཁོང་གི་དུག་ཡོད་པའི་སྦྲུལ་གྱི་རིགས་ཁ་ཤས་ཡོད་པ་དང་། འོན་ཀྱང་དུག་མེད་པའི་སྦྲུལ་གྱིས་སོ་བརྒྱབ་ཀྱང་གནས་ཚུལ་ལྷག་སྲིད་སྐོར་བརྗོད་འདུག 

སྦྲུལ་སྟག་རིས་དང་སྦྲུལ་སྨུག་པོ་དེ་ཚོ་ང་ཚོས་རྒྱུན་དུ་མཐོང་རྒྱུ་ཡོད་པ་རེད། སྦྲུལ་མགོ་ལེབ་དང་སྦྲུལ་དམར་དེ་བཞིན་སྦྲུལ་ནག་བཅས་སྤྱི་ཡོངས་ཏོག་ཙམ་ཉུང་བ་ཡོད། སྦྲུལ་ཆེན་ python དེ་འདྲ་མཐོང་ཚེ་ཁང་པ་ཡོད་ས་ནས་ཕར་སྤོས་ཐུབ་པ་བྱེད་དགོས། ཁྱེད་རང་ལ་གཅེས་ཉར་སེམས་ཅན་དེ་འདྲ་ཡོད་ཚེ་སྦྲུལ་ཆེན་གྱིས་གནོད་འཚེ་གཏོང་གི་ཡོད། མ་ཚད་ཕྲུ་གུ་ལའང་སྦྲུལ་ཆེན་གྱིས་གནོད་འཚེ་གཏོང་གི་ཡོད། སྦྲུལ་ཆེན་དེ་ཚོར་དུག་མེད་ཀྱང་དེ་ཚོར་འབུ་ཕྲ་དང་ནད་འབུ་གཞན་རིགས་ཡོད་པས་དེ་ཚོས་སོ་བརྒྱབ་ཚེ་ཡག་པོ་མེད། མ་ཚད་སུ་ཡིན་ཡང་སྦྲུལ་གྱིས་སོ་རྒྱག་པར་དགའ་པོ་བྱེད་ཀྱི་མེད་ཅེས་གསུངས་འདུག 

ད་དུང་ཁོང་གིས་སྦྲུལ་དེ་ཚོས་གལ་སྲིད་ཁོང་ཚོར་འཇིགས་སྣང་སྐུལ་བ་དང་ཞེད་སྣང་དེ་འདྲ་མ་བྱུང་ན་ཚུར་སོ་རྒྱག་གི་མེད། མཚམས་རེར་ཁྱེད་རང་གི་སྦྲུལ་ཞིག་མཐོང་ཚེ་ག་རེ་བྱེད་དགོས་མིན་གསུངས་དོན།

ཁོང་གིས་སྦྲུལ་ཐུག་སྐབས་སྐད་ཅོར་རྒྱག་རྒྱུ་མེད། ཁུ་སིམ་མེར་སྡོད་དགོས་གང་ཡིན་ཟེར་ན་གལ་སྲིད་ཁྱེད་རང་ཁོང་གི་རྩར་སླེབས་ཚར་དུས་ཁོང་ཚོ་ཡང་སོ་སོ་རང་སྲུང་བྱེད་ཆེད་ཁྱེད་ཀྱི་སྒང་ལ་མཆོང་སྲིད། གལ་སྲིད་སྦྲུལ་དེ་རྨིད་ ༢ ནས་ ༣ ཙམ་གྱི་བར་ཐག་འདུག་ཚེ་སྐོར་ནས་འགྲོ་བ་དང་། དེ་ལས་ཕྱིར་བཤིག་རྒྱག་དགོས་པ་ཡིན། གལ་སྲིད་ཁྱེད་རང་སྦྲུལ་དེ་ལས་སན་ཊི་མི་ཊར་ ༣༠ ཙམ་ལ་མེད་པར་གློག་བུར་འགྲམ་དུ་སླེབས་ཡོད་ཚེ། དེ་གར་ལངས་ནས་ཁོ་རང་འགྲོ་སའི་ལམ་ཁ་སྤྲད་ནས་ཕར་འགྲོ་བཅུག་དགོས་པ་ཡིན། སྦྲུལ་དེས་ཁྱེད་རང་དེར་ཡོད་པ་ཤེས་རྟོགས་མེད་ཀྱང་སྲིད་ཅེས་གསུངས་འདུག

ཌོ་ཊར་རོ་བྷར་ཊི་ལགས་ཀྱིས་གལ་སྲིད་སྡོམ་གྱིས་སོ་བརྒྱབ་རྗེས་ག་རེ་བྱེད་དགོས་མིན་མ་ཤེས་ཚེ་རྒྱལ་ཡོངས་སུ་དུག་འགོག་གནས་ཚུལ་ལྟེ་གནས་ཁང་ལ་ཁ་པར་གཏོང་ནས་ལམ་སྟོན་ཞུ་དགོས་ཞེས་གསུངས་འདུག

ཁྱེད་རང་ལ་རྟགས་ཏུ་དུག་འགོག་ལྟེ་གནས་ཀྱི་ཁ་པར་ཨང་གྲངས་ 13 11 26 ནས་ལམ་སྟོན་བྱེད་ཀྱི་ཡོད། ཁ་པར་དེ་སྦྱོང་བསྡར་ཡོད་པའི་མིས་བདུན་ཕྲག་རེར་ཉིན་བདུན་ཀའི་ཆུ་ཚོད་ ༢༤ རིང་ལན་འདེབས་བྱེད་ཀྱི་ཡོད། ཁོང་ཚོས་སུས་ཁྱེད་རང་ལ་རོགས་པ་བྱེད་ཐུབ་ཀྱི་ཡོད་མེད་སོགས་ལམ་སྟོན་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡིན་ན་ཡང་སྦྲུལ་གྱིས་སོ་བརྒྱབ་པ་ཚང་མ་གནས་ཚུལ་ཛ་དྲག་ཆགས་སྲིད་པས་ཁྱེད་རང་གིས་དེ་མ་ཐག་ཛ་དྲག་ཞབས་ཞུ་ཀླད་ཀོ་གསུམ་ 000 ལ་ཁ་པར་གཏོང་དགོས་པ་ཡིན།

 གལ་སྲིད་ཁྱེད་རང་ལ་སྦྲུལ་དང་སྡོམ་སུ་ཞིག་གིས་སོ་བརྒྱབ་ཀྱང་རུང་། ཤེས་རྟོགས་མ་བྱུང་བ་དཔེར་ན་སོ་རྒྱག་མཁན་དེ་ག་རེ་ཡིན་ནམ་བསམས་པའི་མགོ་འཐོམ་ནས་ན་ཚ་ཤུགས་ཆེ་གཏོང་བའམ་ནད་རྟགས་འདྲ་ཐོན་མིན་ལ་མ་བལྟོས་པར་འཛེམས་ཟོན་མེད་པར་ཛ་དྲག་ཞབས་ཞུ་ཀླད་ཀོ་གསུམ་ 000 ལ་ཁ་པར་གཏོང་དགོས་པ་རེད་ཅེས་གསུངས་འདུག

Share

Published

Updated

Source: SBS

Share this with family and friends