༢༠༢༢ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཨོ་གླིང་ནང་འགོ་འཛུགས་བྱས་པ།

ཕྱི་ལོ་༢༠༢༢ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་འགོ་འཛུགས་གནང་བ་དང་། ཨོ་སི་ཊོ་ལི་ཡའི་ཚབ་དོན་གཅོད་ནས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཡོད་བོད་རིགས་མཐུན་ཚོགས་སོགས་བརྒྱུད་བོད་མི་ཚོས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་དགོས་པའི་བཀོད་ཁྱབ་བཏང་གནང་འདུག

Demographic Survey 2022

Source: SBS Tibetan

སྤྱིར་ད་ཐེངས་ཀྱི་མི་འབོར་ཞིབ་བཤེར་འདིའི་དགོས་དམིགས་ལ་”དང་པོ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། འཛིན་སྐྱོང་། ཆོས་དང་རིག་གཞུང་། ཤེས་ཡོན། སྤྱི་ཚོགས་བདེ་དོན། དཔལ་འབྱོར་སོགས་ཀྱི་ལས་འཆར་སྤེལ་སྐབས་བསྒྲུབ་བྱའི་དམིགས་ཚད་བྱ་ཡུལ་བཙན་བྱོལ་བོད་མིའི་མི་འབོར་གྲངས་ཐོ་ཚད་ལྡན་ཞིག་དགོས་ངེས་ལ་སོང་། བཙན་བྱོལ་བོད་མིའི་མི་འབོར་གྲངས་མཛོད་ཨ་མ་ཞིག་བཟོ་འཆར།

གཉིས་པ། ད་ཆ་བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཤར་ནུབ་གང་སར་ཁ་ཐོར་དུ་གནས་ཡོད་སྟབས། འབྱུང་འགྱུར་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་གཞི་སྤེལ་སྐབས་འབྲེལ་མཐུད་བྱ་བདེ་དང་། ལྷག་པར་དུ་དྲ་རྒྱའི་དུས་སྐབས་དང་བསྟུན་གཞུང་འབྲེལ་གྱི་ལས་དོན་ཁག་ཅིག་དྲྭ་ལམ་བརྒྱུད་སྤེལ་རྒྱུ་ངེས་པར་བརྟེན། མི་འབོར་གྲངས་མཛོད་ཚད་ལྡན་ཞིག་དགོས་ངེས་ཡིན།

གསུམ་པ།  བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་ཞུ་སྤྲོད་ཇི་མཆིས་མི་འབོར་གྲངས་བཤེར་གྱི་གྲངས་མཛོད་འདིའི་ཁོངས་ཚུད་ཡོད་མེད་ཞིབ་རྩད་ཀྱིས་རྩ་འཛིན་ཞུ་རྒྱུ།

བཞི་པ། ད་ལྟའི་མི་འབོར་གྲངས་བཤེར་གྱི་ལས་གཞིར་མཉམ་ཞུགས་ཐོ་འགོད་ཐུབ་ཚེ། འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འོས་བསྡུ་ལ་སོགས་པའི་མང་གཙོའི་ཁེ་དབང་ཁག་དེང་དུས་དྲ་རྒྱའི་འགྱུར་འགྲོས་དང་མཐུན་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུར་ཐུགས་ཕན་གསོ་ངེས་ཡིན་ཡིན་སྐོར་དང་། ཐེངས་འདིའི་ལས་གཞི་འདི་ཚགས་ཚུད་དོན་ལྡན་ཡོང་སླད་བཙན་བྱོལ་བོད་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

གཞན་ཡང་ཐེངས་འདིའི་མི་འབོར་ཞིབ་བཤེར་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་ནང་།

“དང་པོ། བོད་མིའི་མི་འབོར་གྲངས་བཤེར་བསྡུ་ལེན་སྐབས་དོ་བདག་གི་དྭང་བླང་དཔྱ་དངུལ་ལག་དེབ་དང་གནས་ཡུལ་རྒྱལ་ཁབ་ཀྱི་ལག་ཁྱེར་གང་ཞིག་ལ་བསྟེན་དགོས།

གཉིས་པ། དྭང་བླངས་དཔྱ་དེབ་མིག་སྟོན་ཞུ་རྒྱུ་ཡོད་མེད་ལ་མ་ལྟོས་པར། བོད་མི་མ་ཡིན་པ་རྣམས་མི་འབོར་གྲངས་བཤེར་འགེངས་ཤོག་བཀང་མི་ཆོག

གསུམ་པ། དོ་བདག་སོ་སོའི་བོད་ཡིག་ཐོག་ཡོད་པའི་མིང་དང་སྐྱེས་ཚེས་དཔྱ་དངུལ་ལག་དེབ་ཨང་གྲངས་བཅས་དཔྱ་དངུལ་ལག་དེབ་དང་གཅིག་མཚུངས་ཡིན་དགོས།

བཞི་པ། དོ་བདག་སོ་སོའི་ཨིན་ཡིག་ཐོག་ཡོད་པའི་མིང་དང་ཕ་མའི་བོད་ཨིན་ཐོག་མིང་རྣམས་དཔྱ་དངུལ་ལག་དེབ་དང་། ཡང་ན་གནས་ཡུལ་རྒྱལ་ཁབ་སོ་སོའི་ལག་ཁྱེར་གང་ཞིག་དང་གཅིག་མཚུངས་ཡིན་དགོས།

ལྔ་པ། ལོ་ན་༦ མན་གྱི་ཕྲུ་གུ་རྣམས་ཀྱི་འགེངས་ཤོག་ཕྲུ་གུའི་སྐྱེས་ཚེས་ལག་འཁྱེར་དང་ཕ་མ་གང་རུང་གི་མིང་དཔྱ་དེབ་དབར་ངེས་པར་མཚུངས་བསྡུར་བྱེད་དགོས།

དྲུག་པ། མི་འབོར་གྲངས་བཤེར་གྱི་འགེངས་ཤོག་བསྡུ་ལེན་སྐབས། མི་གཅིག་གིས་སོ་སོའི་འདོད་གཅིག་ནང་མི་ཇི་ཡོད་ཀྱི་འགེངས་ཤོག་བསྐང་འབུལ་ཆོག་ཅིང་། ནང་དོན་ཞིབ་བཤེར་སླད། ནང་མིའི་འབྲེལ་ཡོད་ཡིག་ཆ་ཁག་མིག་སྟོན་དང་ཞིབ་འཇུག་ངེས་པར་གནང་དགོས།

བདུན་པ། ཨང་གྲངས་བདུན་ཡོད་པའི་དང་བླང་དཔྱ་དངུལ་ལག་དེབ་མེད་པ་རྣམས་ནས་དཔྱ་དངུལ་ལག་དེབ་རྙིང་པའི་ཨང་གྲངས་བཀང་འཐུས་ཀྱང་། འབྲེལ་ཡོད་ལས་བྱེད་ནས་འགེངས་ཤོག་བསྡུ་ལེན་གནང་སྐབས་ལག་དེབ་རྙིང་པ་ལ་རྟོག་ཞིབ་གནང་དགོས་པ་དང་། དཔྱ་དངུལ་ལག་དེབ་རྙིང་པ་ཡོད་པའི་བོད་མི་རྣམས་ཀྱི་ཐོ་གཞུང་ཟུར་དུ་བཟོས་ནས་འགེངས་ཤོག་ལོགས་སུ་འཇོག་ཉར་གནང་དགོས།

བརྒྱད་པ། དོ་བདག་སུ་ཞིག་གནས་སྐབས་རིང་སློབ་སྦྱོང་དང་ལས་ཀའི་ཆེད་ས་གནས་སུ་གནས་སྡོད་ཡོད་པ་རྣམས་ནས་ད་ལྟའི་གནས་སྡོད་ས་གནས་ནས་འགེངས་ཤོག་བཀང་འཐུས་ཀྱང་། གཏན་སྡོད་ཁ་བྱང་ནང་སོ་སོའི་གཏན་འཇགས་སྡོད་སའི་ནང་གི་ཁ་བྱང་དང་། ད་ལྟའི་ཁ་བྱང་ནང་ད་ལྟ་སྡོད་སའི་ཁ་བྱང་འགོད་དགོས། 

དགུ་པ། མི་འབོར་གྲངས་བཤེར་གནང་མཁན་འབྲེལ་ཡོད་ལས་བྱེད་ནས་འགེངས་ཤོག་ཞིབ་བཀང་ཞུས་རྗེས་འགེངས་ཤོག་གི་མཇུག་ཏུ་བདེན་དཔང་ཁུངས་སྐྱེལ་ཆེད་རང་ཉིད་ཀྱི་མཚན་དང་། མཚན་རྟགས། ཟླ་དུས་ཚེས་གྲངས། ས་གནས་བཅས་ངེས་པར་འགོད་དགོས།

བཅུ་པ། དོ་བདག་དང་ཕ་མའི་དྭང་བླང་དཔྱ་དངུལ་ལག་དེབ་མེད་པ་དང་། གནས་ཡུལ་རྒྱལ་ཁབ་ཀྱི་ལག་ཁྱེར་གང་ཡང་མེད་པ་རྣམས་ཀྱི་འགེངས་ཤོག་ཀྱི་མཇུག་ཏུ་ཡོད་པའི་བདེན་དཔང་ཁུངས་སྐྱེལ་གནང་མཁན་༼Verified by༽ས་ཆ་སྟོང་པ་བཞག་ན་འཐུས་རྒྱུ་དང་། ལག་ཁྱེར་གང་ཡང་སྟོན་རྒྱུ་མེད་པ་རྣམས་ཀྱི་ཐོ་གཞུང་ལོགས་སུ་ཟུར་འདོན་གནང་དགོས་རྒྱུ།

བཅུ་གཅིག བོད་མི་སུ་ཞིག་གི་དོ་བདག་སོ་སོའི་གནས་ཚུལ་རྣམས་དྭང་བླང་དཔྱ་དངུལ་དང་གནས་ཡུལ་རྒྱལ་ཁབ་ཀྱི་ལག་ཁྱེར་གཉིས་དབར་མཐུན་གྱི་མེད་ཚེ། འགེངས་ཤོག་ནང་དོ་བདག་གི་དྭང་བླང་དཔྱ་དངུལ་ལག་དེབ་ལྟར་བཀང་ན་འཐུས་རྒྱུ།

བཅུ་གཉིས། མི་འབོར་གྲངས་བཤེར་བསྡུ་ལེན་གནང་མཁན་འབྲེལ་ཡོད་ལས་བྱེད་རྣམས་ནས་འགེངས་ཤོག་ནང་གི་གནད་དོན་རྣམས་གལ་ཆེ་དོན་ཆེར་རྩིས་ཏེ་གསང་བའི་ཐོག་ཉར་ཚགས་གནང་དགོས་པ་དང་། བར་མི་སུ་ལའང་གསང་བ་ཕྱིར་བསྒྲགས་མི་ཆོག་” བཅས་བཀོད་འདུག

 


Share

Published

Updated

By Sangyal Dorjee

Share this with family and friends