རྒྱ་ནག་གཞུང་གིས་ཁམས་བྲག་འགོ་རུ་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གཏོང་བཤིག་བཏང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སོགས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ ཟླ་ ༡༢ ཚེས་ ༡༢ ཉིན་དཀར་མཛེས་ཁུལ་བྲག་འགོ་རྫོང་ནང་རྒྱ་ནག་གཞུང་གིས་ཐུབ་དབང་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་རྩ་གཏོར་བཏང་ཡོད་འདུག

Freedom of Religions

མི་མང་རྣམས་སྟོན་པའི་སྐུ་བརྙན་མདུན་སྨོན་ལམ་ཚོགས་བཞིན་པ། Source: tibet.net

དེ་ཡང་སྐུ་བརྙན་དེ་ནི་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་འགོའི་སེར་སྐྱ་ཐུན་མོང་ནས་མུ་གེ་དམག་འཁྲུག་དང་། འབྱུང་བཞིའི་འཇིགས་པ་སྤྱི་དང་ཁྱད་པར་དུ་ཡུལ་དེར་ས་ཡོམ་ཡང་ཡང་བྱུང་བར་བརྟེན། དཔེར་ན་ཕྱི་ལོ་ ༡༩༧༣ ལོར་ས་ཡོམ་ཤུགས་ཆེན་པོ་བརྒྱབ་པར་མི་ཤི་ཁྱིམ་སྟོང་གི་དཀའ་ངལ་བྱུང་བ་སོགས་ཀྱིས་མཚོན་འཇིགས་པ་དེ་དག་མི་ཡོང་བའི་ཆེད་དུ་དམིགས་ནས་མ་དངུལ་རྒྱ་སྒོར་ཁྲི་བཞི་ལྷག་འགྲོ་གྲོན་བཏང་སྟེ་ཁྲིམས་མཐུན་ས་གནས་ཀྱི་ཡིག་ཆ་ཚད་ལྡན་ཡོད་པའི་ཐུབ་དབང་སྐུ་བརྙན་མཐོ་ཚད་ཕི་ཀྲི་དགུ་བཅུ་གོ་དགུ་ཡོད་པ་ཞིག་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ ཉིན་གསར་བཞེངས་ལེགས་པར་གྲུབ་ཡོད།

འོན་ཀྱང་ཉེ་ཆར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་སྐུའི་མཐོ་ཚད་ཆེ་དྲགས་པ་སོགས་ལ་ཁ་གཡར་ནས་བཙན་བཀའ་བཏང་སྟེ་ཡོངས་རྫོགས་གཏོར་བཤིག་བཏང་ཡོད་འདུག་པ་དེ་ནི་བསམ་ཡུལ་ལས་འདས་པའི་དམར་པོ་གཞུང་གི་ངན་གོམས་ཀྱི་བྱ་སྤྱོད་ཕྱིར་ངོམ་པ་ཞིག་ཡིན་པ་གོར་མ་ཆག དེར་མ་ཟད་པར་རིས་ནང་གསལ་ལྟར་དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཡོད་པ་དེ་དག་ཚང་མ་རྩ་གཏོར་བཏང་ཡོད་འདུག

ད་དུང་བོད་མི་རྣམས་ལ་གནའ་རབས་ནས་གོམས་སྲོལ་ཡོད་པའི་མ་ཎི་དར་ཅོག་དང་སྒོ་དར་སོགས་ཡོད་ཚད་མར་ཕབ་སྟེ་མེར་སྲེག་བཏང་བཅུག་ཡོད་འདུག་པ་དང་། གཞན་ཡང་འདི་ལོའི་ཕྱི་ཟླ་ ༡༡ ནང་བྲག་མགོ་དགོན་པའིསློབ་གྲྭ་ཡང་གཏོར་བཤིག་བཏང་འདུག་པ་དང་། སློབ་གྲྭ་དེར་ཁང་མིག་ཆེ་ཆུང་ལྔ་བཅུ་ཙམ་དང་། སློབ་མ་བརྒྱ་ལྷག་ཡོད་ཅིང་། སློབ་ཚན་ལ་ནང་བསྟན་རིག་པ་དང་། བོད་ཀྱི་སྐད་ཡིག་སྤྱི། ཨིན་ཡིག རྒྱ་ཡིག་སོགས་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་གཏོར་བཤིག་བཏང་ཡོད་འདུག

གནས་ཚུལ་དེའི་རྐྱེན་པས་ཕྱི་ཟླ་༡༢ པའི་ཚེས་༢༨ ཀྱི་དགོང་མོར་བཞུགས་སྒར་དྷ་རམ་ས་ལའི་མི་མང་རྣམས་ཀྱིས་མར་མེ་དང་། འབོད་ཚིག་དང་། དེ་བཞིན་རྒྱ་ནག་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་གྱི་སྐུ་པར་སོགས་ཐོགས་ནས་མར་མེའི་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་འདུག

གཞན་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སོགས་འཛམ་གླིང་གི་ས་གནས་གང་སར་རྒྱ་ནག་གི་གཞུང་ཚབ་མདུན་སོགས་ལ་རྒྱ་གཞུང་གི་བྱ་སྤྱོད་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་གནང་འདུག


Share

Published


Share this with family and friends