འཚམས་འཕྲིན་དེའི་ནང་”ངོས་རང་ཁྱེད་ཚོའི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་ཐེངས་འགར་བསྐྱོད་རྒྱུ་བྱུང་བ་དང་། ངོས་ཀྱིས་རྒྱུན་དུ་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུས་ཤེས་གོང་མཐོར་གཏོང་རྒྱུའི་འབད་བརྩོན་དེའི་ཐད་ལ། ཚང་མ་དགའ་མོས་ཡོད་པའི་རྣམ་པ་དེས་ངོས་ལ་སེམས་འགུལ་གཏིང་ཟབ་ཐེབས་བྱུང་།” ཞེས་དང་ད་དུང་འཚམས་འཕྲིན་དེའི་ནང་ “ད་ལྟའི་ཆར་འཛམ་གླིང་ནི་ཧ་ཅང་དཀའ་ཁག་ཅན་ཞིག་བརྒྱུད་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ནིའུ་ཛི་ལན་ཌིའི་མི་མང་གི་དགོས་མཁོ་དང་རེ་འདུན་མངོན་འགྱུར་ཐུབ་པར་མདུན་དུ་ལྷག་པའི་དཀའ་ཁག་སྣ་ཚོགས་ལ་གདོང་ལེན་གྱིས་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པའི་ངས་སྨོན་འདུན་ཞུ་རྒྱུ་ཡིན།” ཞེས་སོགས་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༢ དང་ ༡༩༩༦ དེ་བཞིན་ ༢༠༠༢ བཅས་ནིའུ་ཛི་ལན་ཌི་རྒྱལ་ཁབ་ལ་སྔ་ཕྱི་ཐེངས་ ༣ ཙམ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་འཚམས་འཕྲིན་གཞན་ཞིག་གི་ནང་། ནིའུ་ཛི་ལན་ཌིའི་སྲིད་བློན་ཟུར་པ་ལྕམ་ཇཱ་ཤིན་ཏཱ་ Jacinda Ardern མཆོག་ལ་ཁོ་མོའི་སྲིད་བློན་གྱི་ལས་ཡུན་སྐབས་མིག་དཔེ་འོས་པའི་དབུ་ཁྲིད་ཀྱི་ཕྱག་ལས་ལ་བསྔགས་བརྗོད་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ཟླ་ ༣ པའི་ནང་ཡི་ཤུའི་ལྷ་ཁང་ནང་མེ་མདའ་བརྒྱབ་ནས་མི་མང་ཤི་རྨས་ཀྱི་དོན་རྐྱེན་བྱུང་སྐབས། ཁོ་མོའི་ཞི་དུལ་གྱི་རྣམ་པ་དང་། ཤི་རྨས་ཀྱི་གནོད་འཚེ་ཕོག་མཁན་རྣམས་ལ་སྙིང་རྗེ་དང་གུས་ཞབས་ལྡན་པའི་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་ཚད་མེད་གནང་འདུག
མ་ཚད་༧གོང་ས་མཆོག་གིས། ཁོ་མོས་སྲིད་བློན་གྱི་ཕྱག་ལས་འཚམས་འཇོག་བྱས་ཀྱང་། ནིའུ་ཛི་ལན་ཌི་དང་འཛམ་གླིང་མི་མང་གི་ཁེ་ཕན་དང་ཞི་བདེ་ཆེད་དུ་ཁོ་མོས་ཕྱག་ལས་མུ་མཐུད་ནས་གནང་ཐུབ་པའི་གདེང་ཚོད་ཡོད་སྐོར་གསུངས་འདུག
ནིའུ་ཛི་ལན་ཌིའི་སྲིད་བློན་ཟུར་པ་ལྕམ་ཇཱ་ཤིན་ཏཱ་ Jacinda Ardern མཆོག ཕྱི་ལོ་ ༢༠༡༧ ལོར་སྲིད་བློན་གྱི་ལས་འཁུར་འགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཁོ་མོ་ལོ་ན་ ༣༧ དང་ཁོ་མོ་ནི་འཛམ་གླིང་ནང་སྲིད་བློན་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་ནད་ཡམས་ཁྱབ་རྗེས་ཁོ་མོས་སྣེ་ཁྲིད་འོག་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱིས་ཏོག་དབྱིབས་སྔོན་འགོག་ལས་དོན་ལ་འཛམ་གླིང་མི་མང་གིས་བསྔགས་བརྗོད་དང་མིག་དཔེ་འོས་པ་ཞིག་ཏུ་གྱུར།
ཐེངས་འདིར་ཁོ་མོས་གློ་བུར་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་དེས་མི་རྣམས་ཧང་སང་བཅུག་པས་མ་ཚད། འཛམ་གླིང་གི་དབུ་ཁྲིད་ཁག་ལ་གཡོ་འགུལ་བསླངས། ཁོ་མོས་དབུ་ཁྲིད་ནི་མི་འོས་བབས་ཅན་ཞིག་གི་བྱ་རྒྱུ་ལས་འོས་བབས་མེད་པ་ཞིག་དབུ་ཁྲིད་ཀྱི་རྐུབ་སྟེགས་སྟེང་སྡོད་ན་མི་འགྲིག་ཚུལ་དང་། དྲང་བདེན་ཐོག་ནས་ཁོ་མོ་མུ་མཐུད་སྲིད་བློན་བྱ་རྒྱུའི་ནུས་པ་མེད་སྐོར་བརྗོད་འདུག
ཉེ་ཆར་ཕྱི་ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ནིའུ་ཛི་ལན་ཌིའི་སྲིད་བློན་སྐབས་ ༤༠ པ་ལྕམ་ Jacinda Ardern ཇཱ་ཤིས་ཏཱ་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་རྗེས། ཁོང་དང་ཆབ་སྲིད་ཚོགས་པ་གཅིག་པ་ཡིན་པའི་སྐུ་ཞབས་ཆཱ་རེ་སི་ཧི་ཁིན་སི་ Chris Hipkins མཆོག་ནིའུ་ཛི་ལན་ཌིའི་སྲིད་བློན་སྐབས་ ༤༡ པའི་ལས་འཁུར་ཞུས་ཡོད་པ་རེད། ཁོང་གཉིས་ཀ་ནིའུ་ཛི་ལན་ཌིའི་ ངལ་རྩོལ་ཆབ་སྲིད་ཚོགས་པ་ནས་ཡིན་པ་རེད།
ཉེ་ཆར་མི་མང་གི་བསམ་ཤོག་ཁག་གཞིགས་ན་ནིའུ་ཛི་ལན་ཌིའི་ངལ་རྩོལ་ཚོགས་པས་ཐེངས་འདིར་སྐུ་ཞབས་ཆཱ་རེ་སི་ཧི་ཁིན་སི་ Chris Hipkins མཆོག་སྲིད་བློན་གྱི་ལས་གནས་ཐོག་བསྐོ་བཞག་བྱས་པ་དེས། ཡོང་འགྱུར་བསྡད་པའི་འདིའི་ལོ་ཕྱི་ཟླ་ ༡༠ པའི་ནང་ནིའུ་ཛི་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་སྐབས་ཆབ་སྲིད་ཚོགས་པ་དེ་ལ་རེ་བ་འཕར་མ་བསྐྲུན་ཐུབ་ཡོད་སྐོར་བརྗོད་བཞིན་འདུག