ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་གིས་དངུལ་སྐྱེད་བརྒྱ་ཆ་ཡར་སྤར་རྒྱུའི་གསལ་བསྒྲགས་བྱས་པ་དེས་ཁང་པའི་རིན་གོང་མར་ཆགས་སྲིད་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༧ རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་དབུས་བཀར་འཇུག་དངུལ་ཁང་ Reserve Bank Australia (RBA) ཡིས་བུན་ལོན་གཡར་མཁན་ཚོ་ལ་དངུལ་བསྐྱེད་བརྒྱ་ཆ་ ༠་༥ ཡར་སྤར་རྒྱུ་དང་། གཞུང་གི་གཏན་འབེབས་དངུལ་བསྐྱེད་ཚད་གཞི་ OCR བརྒྱ་ཆ་ ༠་༨༥ བཟོ་རྒྱུའི་གསལ་བསྒྲགས་བྱས་པ་དེས། མ་འོངས་པར་ས་ཁང་གི་རིན་གོང་མར་ཆགས་སྲིད་སྐོར་བརྗོད་བཞིན་འདུག

A pedestrian walks past the Reserve Bank of Australia (RBA) head office in Sydney.

Reserve Bank of Australia (RBA) head office in Sydney. Source: AAP

ཐེངས་འདིའི་དངུལ་སྐྱེད་སྤར་ཆ་དེ་ནི་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་སྟེ་དབུས་དངུལ་ཁང་གིས་བསྐྱེད་ཀ་རྡབ་གཅིག་སྤར་བ་ཐོག་མ་དེ་ཆགས་ཡོད་འདུག

དབུས་དངུལ་ཁང་གིས་ཐག་གཅོད་གསལ་བསྒྲགས་མ་བྱས་གོང་དེར་དཔལ་འབྱོར་དཔྱད་བརྗོད་པ་ཚོས། ལོ་རྗེས་མའི་ལོ་དཀྱིལ་ནང་གཞུང་འབྲེལ་དངུལ་བསྐྱེད་ཀྱི་ཚད་གཞི་དེ་བརྒྱ་ཆ་ ༢་༥ བར་སླེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༥ པ་བར་གཞུང་འབྲེལ་གྱི་དངུལ་བསྐྱེད་ཚད་གཞི་བརྒྱ་ཆ་ ༣་༥ བར་འཕར་རྒྱུ་ཡིན་སྐོར་བརྗོད་འདུག

གལ་སྲིད་དཔལ་འབྱོར་དཔྱད་བརྗོད་པ་ཚོས་སྔོན་དཔག་ལྟར་གཞུང་འབྲེལ་དངུལ་བསྐྱེད་ཀྱི་བརྒྱ་ཆ་ ༢་༥ བར་འཕར་ཚེ། ཨོ་སི་ཊོ་ལི་ཡའི་ནང་ཁང་པ་འབྲིང་ཙམ་ཞིག་ལའང་ཟླ་བ་རེར་སྤྲད་དགོས་པའི་བུན་ལོན་ཨོ་སྒོར་ ༧༨༡ དང་ཡང་ན་བརྒྱ་ཆ་ ༢༨ ཙམ་ཡར་འཕར་གྱི་ཡོད་པ་དང་། དཔྱད་བརྗོད་པ་ཚོས་བཤད་པ་ལྟར་གཞུང་འབྲེལ་དངུལ་སྐྱེད་ཀྱི་ཚད་གཞི་བརྒྱ་ཆ་ ༣་༥ བར་ཡར་འཕར་ཚེ། དེས་ཁང་པ་འབྲིང་ཙམ་ཞིག་གི་བུན་ལོན་ལ་ཟླ་རེར་སྤྲད་དགོས་པའི་དངུལ་འབོར་ཟླ་བ་རེར་ཨོ་སྒོར་ ༡༡༧༤ དང་ཡང་ན་བརྒྱ་ཆ་ ༤༢ ཡར་འཕར་འགྲོ་བཞིན་ཡོད་འདུག སིཌ་ནིང་ནང་ཁང་པའི་དངུལ་བུན་གཡར་མཁན་རྣམས་ལ་ཤུགས་རྐྱེན་ཆེ་ཤོས་དེ་ཐེབས་རྒྱུ་ཡིན་འདུག

ཚོས་ལས་སྐོར་ཉམས་ཞིབ་པ་དང་དཔྱད་བརྗོད་པ་སྐུ་ཞབས་གྷར་ཧམ་ཁོ་ཁེས་ Graham Cooke དངུལ་བསྐྱེད་ཀྱིས་བརྒྱ་ཆ་སྤར་བ་དེས་ཁང་བདག་ཚོར་ལོ་རེར་ཨོ་སྒོར་ ༢༠༠༠ ཙམ་ཐོལ་པ་འགྲོ་སྲིད་ཀྱི་ཡོད་པ་དང་ཁང་པའི་བུན་ལོན་ཨོ་སྒོར་འབུམ་ལྔ་ ༥༠༠་༠༠༠།༠༠ དང་དེ་ཡང་དུས་ཡུན་ལོ་ ༢༥ རིང་བར་བཞག་ཡོད་པ་ཞིག་ཆ་མཚོན་ན། འོངས་པར་བུན་ལོན་ཟླ་རེར་བཞིན་ཕྱི་སྤྲད་དགོས་པའི་ནང་ཟླ་རེར་ཨོ་སྒོར་ ༡༣༣ རེར་འཕར་སྲིད་པ་དང་། བུན་ལོན་ཨོ་སྒོར་ས་ཡ་གཅིག་ ༡་༠༠༠་༠༠༠།༠༠ ཅན་དེ་ཟླ་རེར་བུན་ལོན་ཨོ་སྒོར་ ༢༦༥ རེར་ཡར་འཕར་གྱི་རེད།

འདས་པའི་ལོ་འགའི་ནང་བུན་ལོན་གྱི་བསྐྱེད་ཀའི་བརྒྱ་ཆ་ཚད་གཞི་དེ་བྲག་རྡོ་ལྟར་བརྟན་པོ་བསྡད་པའི་རྐྱེན་གྱིས་ཁང་པ་ཉོ་མཁན་ཆུ་ལོག་རྒྱུག་པ་ལྟར་བྱུང་ཡང་། ཉིན་འདི་དག་ནང་ཧོབ་ཏེ་འགྱུར་བ་ཕྱིན་པ་རེད་ཅེས་གསུངས་འདུག

ད་ལྟའི་ཆར་སིཌ་ནིང་དང་མེལ་བྷོན་ཁུལ་ལ་ཁང་པའི་རིན་གོང་རིམ་བཞིན་མར་ཆགས་བཞིན་པའི་གནས་ཚུལ་ཐོན་ཡོད།

ཨོ་སི་ཊོ་ལི་ཡའི་ནོར་སྲིད་བློན་ཆེན་ཇེམ་ཆལ་མར་སི་ Jim Chalmers  ཡིས་དངུལ་སྐྱེད་ཀྱི་བརྒྱ་ཆ་ཡར་སྤར་ཡང་མི་མང་གི་བཟའ་བཅའ་དང་། གློག་རིན། ས་སྣུམ་སོགས་འཚོ་བར་ངལ་སེལ་གྱི་ཆེད་དུ་དུས་ཡུན་རིང་བའི་རོགས་དངུལ་ལས་འཆར་ཞིག་གཞུང་འཛིན་གསར་པའི་དངུལ་བརྩིས་ཐེངས་དང་པོ་སྟེ། མ་འོངས་པར་ཕྱི་ཟླ་ ༡༠ ནང་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

མ་ཚད་ཡོང་འབབ་འབྲིང་བ་དང་དམའ་བའི་གྲས་ལ་འདི་ལོར་དཔྱ་ཁྲལ་རྩིས་རྒྱག་ Tax return ( དཔྱ་ཁྲལ་ཕྱིར་ལེན་)སྐབས་ཨོ་སྒོར་ ༡༥༠༠ ཙམ་རེར་ཕྱིར་སྤྲད་རྒྱུ་ཡིན་སྐོར་བརྗོད་འདུག


Share

Published

Updated

By Sangyal Dorjee

Share this with family and friends