ད་ལྟའི་སྲིད་བློན་ལས་ཐོག་ཨན་བྷོ་ནི་ཨལ་བྷ་ནེ་སི་ཡིས་དེ་རིང་དགུང་མོར་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་ཡོངས་འོས་བསྡུ་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པའི་བསྒྲགས་གཏམ་སྤེལ་བ་དང་། ཁོང་གིས་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པའི་ངལ་རྩོལ་ཚོགས་པ་ནས་སྐབས་གཉིས་པའི་གཞུང་འཛིན་ཚོགས་པའི་ལས་འགན་འཁུར་དགོས་ཀྱི་ཡོད་སྐོར་གསུངས་འདུག
ཨན་ཐོན་ནི་ཡིས་སིཌ་ནིང་ཡོད་པའི་ཁོང་གི་རྒྱབ་སྐྱོར་བ་ཚོ་ལ། ཁོང་ཉིད་སྲིད་བློན་ཞིག་གི་མིང་ཐོག་ནས་གཞུང་དང་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུ་བྱུང་བ་དེ་ནི་མི་ཚེའི་ནང་བསྐལ་བ་བཟང་ཤོས་དེ་ཡིན་སྐོར་གསུངས་འདུག
ཁོང་གིས། དེ་རིང་མཚན་མོར་ངས་ཐོག་མར་སེམས་ཚོར་གཏིང་ཟབ་དང་འགན་འཁུར་ཆེན་པོ་ཞིག་གི་ཐོག་ནས། ཨོ་སི་ཁྲུ་ལི་ཡའི་མི་མང་རྣམས་ལ་གུས་པར་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ཡག་ཤོས་དེར་མུ་མཐུད་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་ཨོ་སི་ཁྲུ་ལི་ཡའི་མི་མང་ཚོས། ཨོ་སི་ཁྲུ་ལི་ཡའི་རིན་ཐང་དང་། དྲང་བདེན། རེ་སྨོན། ཚང་མ་ལ་གོ་སྐབས་ཡོད་པའི་ཐོག་ནས་འོས་ཤོག་འཕངས་ཡོད་པ་རེད།
ཨོ་སི་ཁྲུ་ལི་ཡའི་མི་མང་ཚོས་རིན་ཐང་དེ་དག་དང་མཐུན་པའི་ཐོག་ནས་མ་འོངས་པའི་ཨོ་སི་ཁྲུ་ལི་ཡའི་ཆེད་དུ་འོས་ཤོག་འཕངས་ཡོད། ང་ཚོ་ཚང་མའི་ནུས་པ་གཅིག་ཏུ་སྤུངས་ནས་མ་འོངས་པའི་ཨོ་སི་ཁྲུ་ལི་ཡ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་འདུག
ཨོ་སི་ཁྲུ་ལི་ཡའི་ནང་མངའ་སྡེ་འགའ་ཤས་ནང་གཞུང་འཛིན་འཕོ་འགྱུར་བྱུང་རྗེས། ངལ་རྩོལ་ཚོགས་པར་གྲོས་ཚོགས་འཐུས་མིའི་གྲངས་ཇེ་མང་དུ་འགྲོ་བར་དང་བསྟུན། ངལ་རྩོལ་ཚོགས་པས་སླར་ཡང་གཞུང་འཛིན་བྱ་རྒྱུ་རེད།
ད་ཐེངས་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་སའི་ས་ཁུལ་ཁྲོད་ཁ་གཏད་ཚོགས་པའི་འགོ་ཁྲིད་ཕི་ཊར་དྷ་ཊོན་ Peter Dutton གྱི་རྐུབ་བཀྱག་ཡོང་ཁུངས་ཁུན་སི་ལན་ཌིའི་ས་གནས་ཌེ་ཁེ་སོན་ Dickson ཡང་ཚུད་ཡོད།
འདི་ནི་དབུས་གཞུང་གི་འོས་བསྡུ་ཁྲོད་ཁ་གཏད་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཞིག་གིས་གྲོས་ཚོགས་ཀྱི་རྐུབ་བཀྱག་ཡང་ཤོར་བ་ཐོག་མ་དེ་ཆགས་ཡོད།

Australian Liberal Party leader Peter Dutton, third left, stands with his family as he makes his concession speech following the general election in Brisbane. Source: AP / Pat Hoelscher/AP
ངལ་རྩོལ་ཚོགས་པས་མ་འོངས་གཞུང་གིས་སྲིད་བྱུས་འཛིན་ཕྱོགས་ཐད་གསལ་བསྒྲགས་གནང་བའི་ནང་། ས་ཁང་ཐོག་མར་ཉོ་མཁན་ཚོར་བརྒྱ་ཆ་ ༥ མར་གཅོག་རྒྱུ་དང་། དེ་བཞིན་ཨོ་སྒོར་ཐེར་འབུམ་ ༡༠ འགྲོ་གྲོན་བཏང་ནས་ཁང་པ་གསར་པ་ ༡༠༠༠༠༠ འཛུགས་བསྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།
ཁོང་གིས་ད་དུང་ཨོ་སྒོར་ས་ཡ་ ༡༨ སྣོན་ནས་ཁྱོན་ཨོ་སྒོར་ཐེར་འབུམ་ ༨་༥ འགྲོ་སོང་གཏང་ནས་སྤྱི་སྟངས་སྨན་པ་ GP སྐོར་བསྐྱོད་མཐུན་རྐྱེན་སྦྱར་ནས་སྨན་བཅོས་ཀྱི་ལས་དོན་སྲ་བརྟན་གཏོང་རྒྱུ།
ངལ་རྩོལ་ཚོགས་པས་ཨོ་སྒོར་ཐེར་འབུམ་ ༢་༣ འགྲོ་སོང་གཏོང་ནས་ཁྱིམ་ཚང་རྣམས་ལ་གློག་མེ་དང་ཉི་གློག་གི་མཐུན་རྐྱེན་སྦྱར་ནས་ཁྲོམ་རའི་ནང་གི་རིན་གོང་ཆགས་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།