དེ་ཡང་ཐོབ་ཐང་ངམ་གོ་སྐབས་དེ་བཞིན་ཁང་པ་ཐེངས་དང་པོ་ཉོ་མཁན་ཡིན་ན། ས་ཁང་གི་མ་གནས་ཨོ་སྒོར་ ༦༥༠༠༠༠ མན་ལ་དེ་སྔོན་ལྟར་དཔྱ་ཁྲལ་རྩ་ནས་སྤྲད་མི་དགོས་པ་དང་། ས་ཁང་གི་མ་གནས་ཨོ་སྒོར་ ༦༥༠༠༠༠ ནས་ ༨༠༠༠༠༠ བར་ལ་དཔྱ་ཁྲལ་ཆག་ཡངས། མ་གནས་ཨོ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ ༡༥༠༠༠༠༠ མན་ལ་དཔྱ་ཁྲལ་ཆག་ཡང་མེད་ཀྱང་དཔྱ་དངུལ་དེ་བཞིན་ཆ་ཚང་དུས་གཅིག་ལ་སྤྲད་མི་དགོས་པར་ལོ་རེར་དཔྱ་དངུལ་ཉུང་ངུ་རེ་སྤྲད་ཆོག་པ་བཟོས་ཡོད།
ད་ལྟའི་ཆར་དཔྱ་ཁྲལ་དུས་གཅིག་ལ་སྤྲད་མི་དགོས་པའི་ཁྲིམས་དེ་བཞིན་ནིའུ་སའོ་ཐི་ཝལ་མངའ་སྡེ་ NSW གཅིག་པུ་མ་གཏོགས་གཞན་ཝི་ཊོ་རི་ཡ་སོགས་མངའ་སྡེ་གཞན་ཁག་ལ་ད་ལྟའི་ཆར་ལག་བསྟར་བྱས་མེད་པ་རེད།
ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་ནད་དུག་ཁྱབ་རྗེས་ལས་ཀའི་གོ་སྐབས་དང་ཡོངས་འབབ་སྐྱོ་རུ་ཕྱིན་མིན་ལ་མ་བལྟོས་པར་རིམ་བཞིན་ས་ཁང་གི་རིན་གོང་ཆུང་དུ་འགྲོ་རྒྱུ་ལས་ལྡོག་ཏེ། ཨོ་སོ་ཊོ་ལི་ཡ་ཁྱོན་ཡོངས་དང་ལྷག་པར་ཏུ་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ ཕྱི་ཟླ་ ༤ ཙམ་བར་ས་ཁང་གི་མ་གནས་བརྒྱ་ཆ་ ༢༣ ཙམ་ཡར་འཕར་ཡོད་པ་རེད།
འོན་ཀྱང་སྔ་ལོ་ཨོ་སི་ཊོ་ལི་ཡའི་དབུས་དངུལ་ཁང་གི་བུན་ལོན་གྱི་དངུལ་སྐྱེད་བརྒྱ་ཆ་སྔ་ཕྱི་ཐེངས་འགར་ཡར་སྤར་རྗེས་དངུལ་ཁང་གཞན་ཁག་གིས་ཀྱང་དེ་མཚུངས་སུ་བུན་གཡར་གྱི་དངུལ་སྐྱེད་བརྒྱ་ཆ་ཡར་སྤར་དགོས་འཁེལ་གྱི་ཡོད་སྟབས། དེ་ནས་བཟུང་ས་ཁང་གི་རིན་གོང་ཅུང་མར་ཟག་འགོ་ཚུགས་ཡོད་པ་དང་། ས་གནས་སོ་སོའི་གནས་སྟངས་ལ་དཔག་པའི་ས་ཁང་གི་མ་གནས་རིན་གོང་བརྒྱ་ཆ་ ༥ ནས་ ༡༩ ཙམ་བར་མར་ཟག་ཡོད་པ་རེད། རྒྱུ་མཚན་ནི་དངུལ་སྐྱེད་མཐོ་དྲག་པའི་རྐྱེན་གྱིས་མི་ཚོས་དངུལ་ཁང་ནས་བུན་ལོན་ཆེན་པོ་བླངས་ཐུབ་ཀྱི་མེད། འོན་ཀྱང་ད་ལྟའི་ཆར་ས་ཁང་གི་མ་གནས་དེ་བཞིན་ཏོག་དབྱིབས་ནད་ཡམས་འགོ་མ་ཚུགས་པའི་ཡར་སྔོན་དང་བསྡུར་ན་ད་དུང་རིན་གོང་སྒང་ལ་གནས་ཡོད་པ་རེད།
ཕྱི་ལོ་ ༢༠༢༣ ལོར་ས་ཁང་གི་རིན་གོང་མུ་མཐུད་མར་ཆགས་རྒྱུའམ་ཡང་ན་སླར་ཡང་ཡར་འཕན་མིན་ཐད་ས་ཁང་ཆེད་མཁས་པ་ཚོས་དཔྱད་བརྗོད་མང་པོ་བྱེད་བཞིན་ཡོད་ཀྱང་། ས་ཁང་གི་རིན་གོང་འཕར་ཆག་གི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་བུན་གཡར་དངུལ་སྐྱེད་ཀྱི་བརྒྱ་ཆ་འཕར་ཆགས་ལ་རག་ལུས་ཀྱི་ཡོད་སྐོར་བརྗོད་འདུག
ཐེངས་འདིར་ནིའུ་སའོ་ཐི་ཝལ་མངའ་སྡེས་ས་ཁང་གི་དཔྱ་ཁྲལ་སྲིད་བྱུས་གསར་པ་འདིས་ས་ཁང་གི་རིན་གོང་ཡར་འཕར་འགྲོ་བའི་རྒྱུན་རྐྱེན་ཆགས་སྲིད་སྐོར་སྐྱོན་བརྗོད་བྱེད་མཁན་ཡང་ཡོང་གི་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་སྔ་ལོ་ཕྱི་ཟླ་ ༡༡ ནས་བཟུང་སྟེ་ས་ཁང་ཐེངས་དང་པོ་ཉོ་མཁན་ཁྱོན་མི་གྲངས་ ༢༥༠༠ ཙམ་གྱིས་དེ་སྔོན་ཁོང་ཚོས་ས་ཁང་གི་དཔྱ་ཁྲལ་སྡེབ་གཅིག་ལ་སྤྲད་པ་དེ་དག་ཕྱིར་སློག་དགོས་པའི་རེ་འདུན་འདོན་བཞིན་ཡོད་འདུག
ན་ནིང་ནིའུ་སའོ་ཐི་ཝལ་མངའ་སྡེས་ས་ཁང་ཚོང་སྒྱུར་གྱི་དཔྱ་དངུལ་ཨོ་སྒོར་ཐེར་འབུམ་ ༩་༢ བསྡུས་ཡོད་པ་དང་། ལོ་རྒྱུས་ནང་ས་ཁང་ཚོང་སྒྱུར་གྱི་དཔྱ་དངུལ་མཐོ་ཤོས་ལ་ན་ནིང་ས་ཁང་གཅིག་ལ་དཔྱ་དངུལ་ཨོ་སྒོར་ ༥༠༠༠༠ ཙམ་ཕོག་ཡོད་འདུག