ནིའུ་སའོ་ཐི་ཝལ་མངའ་སྡེས་སྡོད་ཁང་གསར་ཉོ་སོགས་ཀྱི་ཆེད་རོགས་རམ་ལས་འཆར་ཞིག་གསལ་བསྒྲགས་བྱས།

ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེས་གཙོ་གནད་ཀྱི་ལས་མི་དང་། ཁེར་རྐྱང་གི་ཕ་མ། ཁེར་རྐྱང་གི་རྒན་ཁོག་བཅས་ལ་སྡོད་ཁང་བདག་ཐོབ་ Home Ownership ཀྱི་རོགས་རམ་ལས་འཆར་ཞིག་གསལ་བསྒྲགས་བྱས་ཡོད་པ་རེད།

New House in NSW

Source: SBS Tibetan

དེ་ཡང་གཙོ་གནད་ཀྱི་ལས་མི་ནང་དགེ་རྒན་དང་། སྨན་ཞབས་ལས་བྱེད། ཉེན་རྟོག་པ། གཞན་ཡང་ཁེར་རྐྱང་གི་ཕ་མ་དང་། ཁེར་རྐྱང་གི་རྒན་ཁོག་བཅས་ཀྱི་རེ་བའི་རྨི་ལམ་མངོན་དུ་འགྱུར་ཆེད་སྡོད་ཁང་གསར་ཉོའི་ཆེད་དུ་ཨོ་སྒོར་ས་ཡ་ ༧༨༠་༤ གཏོང་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་ཌོ་མེ་ནི་ཁི་ཕེ་རོ་ཊི་ Dominic Perrottet ཡིས་ཐོབ་ཐང་ཡོད་མཁན་དེ་དག་ནང་ཁང་པ་གསར་པ་ཉོ་མཁན་ལ་ཆ་སྙོམ་བརྒྱ་ཆ་ ༤༠ ཙམ་དང་། ཁང་པ་འཛུགས་བསྐྲུན་བྱེད་བཞིན་པ་རྣམས་ལ་ ༣༠ ཙམ་གཞུང་གིས་རོགས་དངུལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་མངའ་སྡེའི་བློན་ཆེན་གྱིས། གཞུང་གིས་ལས་འཆར་འདིའི་ཐོག་ནས་མངའ་སྡེའི་ནང་མི་མང་པོ་ཞིག་སོ་སོའི་ལས་ཀ་འགྲམ་དང་། ནང་མི་སྤུན་མཆེད་ཀྱི་འགྲམ་སོགས་ས་གནས་གང་ཞིག་དུ་སྡོད་འདོད་ཡོད་པ་དེར་སྡོད་རྒྱུའི་གོ་སྐབས་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་དང་། མ་དངུལ་མུ་མཐུད་གཏོང་ནས་གལ་གནད་ཆེ་བའི་བཅོས་སྒྱུར་གྱིས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་གི་ཁྱིམ་ཚང་རྣམས་མ་འོངས་པའི་འཚོ་བ་འོད་སྣང་དང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནོར་སྲིད་བློན་ཆེན་མཱ་ཊི་ཁེན་ Matt Kean ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་བུད་མེད་ལོ་ན་ ༥༥ ལས་བརྒལ་བ་སྡོད་ཁྱིམ་མེད་པ་ Homeless ཆགས་མཁན་གྱི་གྲངས་འབོར་འཕར་ཚད་དེ་མགྱོག་ཤོས་ཤིག་ཆགས་བཞིན་ཡོད་སྐོར་བརྗོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་སྲིད་བློན་ཆེན་ཨན་ཐོ་ནེ་རོ་བྷར་ཊིས་  Anthony Roberts ལགས་ཀྱིས་ལས་འཆར་འདིས་སྡོད་ཁང་བདག་ཐོབ་ཆེད་ཐོག་མའི་དངུལ་སྤྲད་འཇོག་ Deposit གི་དཀའ་ངལ་སེལ་ཐུབ་པ་ཙམ་མ་ཟད། གཏའ་མ་བུན་ལོན་ Mortgage ཆུང་དུ་འགྲོ་བ་དང་ཟླ་རེའི་བུན་ལོན་སྤྲོད་འཇོག་ Repayments དེ་དག་ཀྱང་ཇེ་ཆུང་དུ་འགྲོ་རྒྱུའི་ཕན་ཐོགས་ཡོད་སྐོར་བརྗོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་གཞུང་གི་ལས་འཆར་དེའོ་འོག

༡། དངུལ་རྩིས་ཀྱི་ལོ་ ༢ རིང་ལ་ལོ་རེར་ཁྱོན་ས་མིག་གྲངས་ ༣༠༠༠ ལ་གོ་སྐབས་ཡོད་འདུག

༢། གཙོ་གནད་ཀྱི་ལས་ཀ་བྱེད་མཁན་ནང་ཁང་པ་ཐེངས་དང་པོ་ཉོ་མཁན་སྨན་ཞབས་ལས་བྱེད་པ་དང་། དགེ་རྒན། ཉེན་རྟོག་པ། དེ་བཞིན་རྒན་ཁོག་ཁེར་རྐྱང་དང་ཕ་མ་ཁེར་རྐྱང་ཕྲུ་གུ་གཅིག་ཡོད་པ་དང་ཕྲུ་གུ་ལོ་ན་ ༡༨ ལས་ཆུང་བ་ཡིན་ཚེ་སྙན་ཞུ་དེ་འབུལ་ཆོག་གི་ཡོད་འདུག

༣། ལས་འཆར་དེར་ཞུགས་མཁན་རྣམས་ཀྱི་ནང་ཁེར་རྐྱང་ལ་ལོ་གཅིག་གི་རྩ་བའི་ཡོང་འབབ་མང་མཐའ་ཨོ་སྒོར་སྟོང་ཕྲག་དགུ་བཅུ་ ༩༠་༠༠༠ དང་བཟའ་ཚང་ལ་ལོ་གཅིག་གི་རྩ་བའི་ཡོང་འབབ་མང་མཐའ་ཨོ་སྒོར་ཆིག་འབུམ་ཉིས་ཁྲི་ ༡༢་༠༠༠ ཡིན་དགོས་ཀྱི་ཡོད་འདུག

༤། ལས་འཆར་དེར་ཞུགས་མཁན་རྣམས་ལ་ཉུང་མཐའ་བཅོལ་འཇོག་དངུལ་འབོར་བརྒྱ་ཆ་ ༢ དགོས་ཀྱི་ཡོད་འདུག

༥། གཞུང་གིས་ཁང་པ་གསར་པ་ཉོ་མཁན་ལ་མང་མཐའ་བརྒྱ་ཆ་ ༤༠ དང་ཁང་པ་འཛུགས་བསྐྲུན་ཆེད་བརྒྱ་ཆ་ ༣༠ མ་དངུལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་འདུག

༦། གཞུང་གི་རོགས་དངུལ་སྤྲོད་ས་དེ་གྲོང་ཁྱེར་སིཌ་ནིང་ནང་ཁང་རིན་མ་གནས་ཨོ་སྒོར་དགུ་འབུམ་ལྔ་ཁྲི་ ༩༥༠༠༠༠ མན་དང་། གཞན་ཡ་ས་གནས་སིཌ་ཊར་ཁོ་སི་ Central Coast དང་ཨེ་ལོ་ཝ་ར་ Illawarra, གནས་མཁར་གསར་ Newcastle དེ་མིན་གྱི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ས་གནས་གཞན་ཁག་ནས་ཁང་པའི་མ་གནས་ཨོ་སྒོར་འབུམ་དྲུག་ ༦༠༠་༠༠༠ མན་ཡིན་དགོས་ཀྱི་ཡོད་འདུག 


Share

Published

Updated


Share this with family and friends