གཞན་ཡང་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གྲངས་ ༡༤༩༡ སྨན་ཁང་ནང་ལྷུང་ཡོད་སྟབས། ད་བར་སྨན་ཁང་ནང་ལྷུང་བའི་ཏོག་དབྱིབས་ནད་པའི་གྲངས་འབོར་མཐོ་ཤོས་དེ་ཡང་ཆགས་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ལོ་ན་ ༡༦ ཡན་གྱི་མི་འབོར་བརྒྱ་ཆ་ ༩༥ ལ་ཏོག་དབྱིབས་འགོག་ཁབ་དང་པོ་དང་། མི་འབོར་བརྒྱ་ཆ་ ༩༣་༦ ལ་ཏོག་དབྱིབས་འགོག་ཁབ་གཉིས་རེ་རག་ཚར་ཡོད་འདུག
ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་མཁན་མང་དྲག་པའི་རྐྱེན་གྱིས་ལས་བྱེད་མི་འདང་བ་དང་། མི་མང་རྣམས་དུས་ཡུན་རིང་པོ་བང་སྒྲིག་ནས་སྒུག་དགོས་འཁེལ་གྱི་ཡོད་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག
བརྟག་དཔྱད་བྱས་སྐབས་དེ་རིང་གཟའ་ལྷག་པ་སྟེ་ཉིན་གཅིག་རིང་ཁྱོན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༦༤༠༠༠ ཙམ་ཐོན་འདུག
དེར་བརྟེན་ཨོ་སི་ཊོ་ལི་ཡའི་ནང་ཟས་རིགས་ཚོང་གཉེར་ཁང་ཆེ་ཤོས་ཀོལ་སི་ Coles ཡིས་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེ་ཕུད་དེ་མིན་མངའ་སྡེ་ཚང་མའི་ནང་གནས་སྐབས་རིང་དྲ་ཐོག་དང་ཚོང་ཁང་ནང་ནས་ཟས་རིགས་མངག་ཉོའི་ཚད་གཞི་ཞིག་འགྲེལ་བརྗོད་བྱས་འདུག
ཕྱི་ཟླ་དང་པོའི་ནང་ཟས་རིགས་མི་འདང་བའི་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་ནས་ཚོང་ཁང་ནས་བྱ་ཤ་དང་། རྒྱུ་མའི་རིགས་སོགས་ཟས་རིགས་ཁག་ཅིག་ཤོག་ཁུག་ཅན་རྣམས་གྲངས་ཚད་ ༢ ལས་མང་བ་དུས་གཅིག་ལ་གཙོང་རྒྱུ་མིན་སྐོར་བརྗོད་འདུག
གཞན་ཡང་ཟས་རིགས་ཚོང་གཉེར་ཁང་ཆེ་ཤོས་ཝུལ་ཝོར་ཐི་ Woolworths ཡིས་ཀྱང་ཁོང་ཚོར་ཅ་དངོས་དབོར་འདྲེན་ཕྱིར་འགྱང་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག
ཅ་དངོས་དབོར་འདྲེན་མཉམ་འབྲེལ་ TWU ཡིས་ད་ལྟའི་ཆར་དོས་སྐྱེལ་རླངས་འཁོར་གཏོང་མཁན་བརྒྱ་ཆ་ ༥༠ ཙམ་ཏོག་དབྱིབས་ན་ཚ་ན་ནས་ལས་ཀ་མཚམས་འཇོག་བྱས་ཡོད་སྐོར་བརྗོད་འདུག
ཟས་རིགས་ཚོང་ཁང་ཨལ་ཌིས་ Aldi ཡིས་ད་ལྟའི་ཆར་ཏོག་དབྱིབས་ན་ཚ་ཤུགས་ཆེ་ཁྱབ་བཞིན་པའི་སྐབས་འདིར་དུས་རྒྱུན་དང་མི་འདྲ་བ་ཚོང་གཉེར་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བརྗོད་འདུག་ལ། ས་གནས་ཁ་ཤས་ལ་ཟས་རིགས་ཚོང་ཁང་ནང་ཟས་རིགས་ཁག་ཅིག་ད་ལྟ་ནས་རྫོགས་འགྲོ་བཞིན་ཡོད་པའི་པར་དྲ་ལམ་དུ་ཁྱབ་བཞིན་ཡོད་པ་རེད།