དེ་ལ་དབྱིན་ཇིས་མི་སེར་སྤེལ་ཡུལ་"ཨོ་སི་ཊོ་ལི་ཡའི་ཉིན་མོ་"ཞེས་རྩོད་རྙོག་ཡོད། ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་ཕྱི་ལོ་ ༡༩༣༨ ནས་བཟུང་ཕྱི་ཟླ་ ༡ ཚེས་ ༢༦ དེ་"མྱ་ངན་གྱི་ཉིན་མོ་"ཞེས་ངོ་རྒོལ་བྱེད་བཞིན་པ་དང་། ལོ་ལྟར་ཉིན་མོ་འདིར་ས་སྐྱེས་རྡོ་སྐྱེས་གདོང་མའི་མི་མང་པོ་ཞིག་གིས་ཉིན་མོ་དེ་ནི་"བཙན་འཛུལ་གྱི་ཉིན་མོ་"ཞེས་མྱ་ངན་ངོ་རྒོལ་ཀྱང་བྱེད་མུས་ཡིན།
དེ་རིང་ཨོ་སི་ཊོ་ལི་ཡའི་ཏཱ་སི་མ་ནིང་ཨ་མངའ་སྡེའི་གྲོང་ཁྱེར་ཧོར་བྷར་ཊི་ Hobart ནང་མི་མང་སྟོང་ཕྲག་ལས་བརྒལ་བས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཀྱི་ཉིན་མོའི་དུས་ཚེས་འདི་འགྱུར་བ་གཏོང་དགོས་ Change Date ཞེས་པའི་ངོ་རྒོལ་སྐད་འབོད་བྱས་འདུག
མ་ཚད་དེ་རིང་ས་གནས་གང་སར་གདོད་མའི་མི་རིགས་ཚོས་ངོ་རྒོལ་གྱི་ལས་འགུལ་དང་། གཞན་ཡང་ཁོང་ཚོའི་རིག་གཞུང་གསལ་སྟོན་ཆེད་ལས་འགུལ་འདྲ་མིན་སྤེལ་བཞིན་འདུག་ལ། ཁོང་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མི་རིགས་གཞན་པ་མང་པོ་ཞིག་ཀྱང་ཁོང་ཚོ་དང་མཉམ་དུ་པར་རྒྱག་པ་དང་ངོ་རྒོལ་ལས་འགུལ་སོགས་ཀྱི་ནང་མཉམ་ཞུགས་བྱས་འདུག
ཕྱོགས་གཞན་ཞིག་ནི་དེ་རིང་ཨོ་གླིང་གཞུང་འབྲེལ་ཐོག་རྒྱལ་ཡོངས་གུང་སེང་དང་མི་རྣམས་དགའ་སྤྲོའི་རྣམ་པ་ཐོག་ཨོ་སི་ཊོ་ལི་ཡའི་ཉིན་མོ་ཞེས་དུས་དྲན་སྲུང་བརྩི་དང་། གཞས་དང་ཞབས་བྲོ་འཁྲབ་པ་དང་ཤོག་སྦག་སྤར་བ་སོགས་དགའ་སྤྲོའི་རྣམ་པ་ཐོག་ནས་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།
ཨོ་སི་ཏྲེ་ལི་ཡའི་རྒྱལ་ཡོངས་ཀྱི་ཉིན་མོ་ནི་རྒྱལ་ཁབ་དེར་དབྱིན་ཇའི་མི་སེར་སྤེལ་བའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༡༧༨༨ ལོའི་ཟླ་བ་ ༡ པོ་ཚེས་ ༢༦ ཉིན་དབྱིན་ཡུལ་གྱི་དམག་གྲུ་བཅུ་གཅིག་ཡོང་ཡོད་པ་ལས། དམག་གྲུ་དང་པོ་དེ་ Port Jackson ཞེས་པའི་གྲུ་ཚུགས་ལ་འབྱོར་བའི་ཉིན་མོ་དེ་སྲུང་བརྩི་གནང་གིས་ཡོད། འོན་ཀྱང་ཨོ་སི་ཏྲེ་ལི་ཡའི་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མའི་མི་རིགས་རྣམས་ལ་ཉིན་དེར་མི་རིགས་དཀར་པོས་བཙན་འཛུལ་བྱེད་པའི་ཉིན་མོ་ཞིག་དང་། དེ་བཞིན་བཙན་འཛུལ་བྱེད་ཀྱང་གདོད་མའི་མི་རྣམས་ཀྱིས་སོ་སོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བ་མུ་མཐུད་ཤུལ་འཛུན་ཐུབ་པའི་ཉིན་མོ་ཞིག་ཀྱང་བརྩི་སྲོལ་ཡོད།
དེ་ཡང་ག་ལེར་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཨོ་སི་ཏྲེ་ལི་ཡའི་ཉིན་མོའི་ངོ་བོ་དང་དེ་སྲུང་བརྩི་ཞུ་སྟངས་ལ་ཡང་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད་པ་ཡིན།
ཕྱི་ཟླ་ ༡ ཚེས་ ༢༦ ཉིན་མོ་དེ་མི་སྒེར་དང་ཚོགས་པ་ཁག་གི་རྒྱབ་ལོགས་ནས་འགྲེལ་བརྗོད་མི་འདྲ་བ་ཇི་ལྟར་བརྒྱབ་རུང་། ནང་དོན་ས་ཆའི་བདག་དབང་ཐད་ཀྱི་ལྟ་ཚུལ་ལ། ཡོ་རོབ་བ་རྣམས་མ་འབྱོར་གོང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ཐད་ནས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཁོང་ཚོའི་ས་ཆ་དང་། ཤེས་ཡོན། ཁྲིམས་ལུགས། སྲིད་ཇུས། འཕྲོད་བསྟེན་སོགས་ཀྱི་རྣམ་པ་གསལ་པོ་ཡོད་པས་མ་ཚད། ཁོང་ཚོས་དེ་དག་ནམ་ཡང་བློས་གཏོང་བྱས་མེད།
ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱི་ཐོབ་ཐང་སྐོར་གྱི་རྩོད་གླེང་སྐབས་ཁོང་ཚོའི་བདག་དབང་ཐད་མི་མང་པོས་བསམ་ཚུལ་གཅིག་མཐུན་ཡོད་ཀྱང་། གདོད་མའི་མི་རིགས་ནང་ལོགས་ནས་བདག་དབང་ངོས་འཛིན་སྟངས་ཐད་ལྟ་ཚུལ་མ་འདྲ་བ་ཡང་ཡོད་པ་རེད།
འདི་ནི་ཨོ་སི་ཊོ་ལི་ཡའི་མི་མང་ནང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱི་ངོས་འཛིན་དང་། གྲོས་དོན། འབོད་སྒྲ། བདེན་པ་བཅས་ཀྱི་ཐད་བགྲོ་གླེང་དང་ལྟ་ཚུལ་སྣ་ཚོགས་པ་ཡིན།
གདོད་མའི་མི་རིགས་རྣམས་ཀྱི་ངོས་འཛིན་འགྱུར་བ་གཏོང་བའི་ལམ་ཁ་གཅིག་ནི་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་འགྱུར་བ་གཏོང་དགོས་པ་ཡིན། ཕྱི་ལོ་ ༢༠༢༠ ལོར་རྩ་ཁྲིམས་སྒྱུར་བཅོས་སྐབས་ཆེད་མཁས་མི་སྣས་བགྲོ་གླེང་མང་པོ་བྱས། གྲོས་ཚོགས་གོང་མས་དེའི་ཐད་འདྲི་ཞིབ་དང་། རྩ་ཁྲིམས་ལྷན་ཚོགས་དང་རྒྱལ་འབངས་བསམ་ཤོག་འཚོལ་བསྡུ་ལྷན་ཁང་། སྙན་ཐོ་ཁག གཞན་ཡང་ངོ་སྤྲོད་རྒྱབ་གཉེར་བཅས་ནས་ཕྱི་ལོ་ ༡༩༨༠ ནང་ནས་འགོ་བཙུགས་ཏེ་གདོད་མའི་མི་རིགས་ཀྱི་ངོས་འཛིན་ཐད་ལས་དོན་བྱེད་མུས་ཡིན།
ཡོངས་གྲགས་ཆེ་ཤོས་ཀྱི་དཔེ་མཚོན་ཞིག་ནི་དེ་སྔོན་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླེང་ཕྲན་གྱི་མི་རྣམས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་ཉིན་གྲངས་ ༣ རིང་བགྲོ་གླེང་དང་མཇུག་ཏུ་ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ་ The Uluru Statement from the Heart ཞེས་པའི་གྲོས་ཆོད་གསལ་བསྒྲགས་དེ་ཡིན།
ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ་གྱི་འགན་འཛིན་ཌན་པཱ་ཁིན་ Dean Parkin ལགས་ཀྱིས་ཨུ་ལུ་རུའི་བསྒྲགས་གཏམ་ལ་མི་མང་ནང་དོ་སྣང་ཡོང་བའི་ལས་འགུལ་ཞིག་སྤེལ་རྒྱུ་དང་། དེ་ནི་གྲོས་ཚོགས་ནང་འབོད་སྒྲ་སླེབས་པར་མི་མང་གི་རྒྱབ་སྐྱོར་གོང་མཐོར་གཏོང་རྒྱུ་དེ་ཡིན་སྐོར་གསུངས་ཡོད།
ཁོང་གིས་"ང་ཚོའི་མང་མོས་བསམ་ཚུལ་ནི་བརྒྱ་ཆ་བརྒྱ་ཐམ་པ་ཨུ་ལུ་རུའི་བསྒྲགས་གཏམ་དེ་ཡིན། དེར་བརྟེན་བདེན་པའི་འབོད་སྒྲའི་གྲོས་དོན་ནི་ང་ཚོའི་གྲོས་གཞིའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་ང་ཚོས་དེའི་ནང་བཤད་ཡོད། གྲོས་ཚོགས་ལ་བསམ་འཆར་ཕུལ་བའི་འབོད་སྒྲ་ནི་གྲོས་ཚོགས་ནང་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་སྐུ་ཚབ་དགོས་ཤིང་གྲོས་ཚོགས་ནང་གནད་དོན་གླེང་སློང་བྱེད་དགོས། ཨོ་སི་ཊོ་ལི་ཡའི་མང་གཙོ་ནང་གླེང་སློང་དང་དེས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་སྲུང་སྐྱོབ་ཆགས་ཡོད། དེ་ལྟ་བྱུང་ཚེ་འདས་པའི་དངོས་ཡོད་གནས་ཚུལ་དང་ཐ་དད་དུ་འགྲོ་གི་མ་རེད་ཅེས་གསུངས་ཡོད།
རྩ་ཁྲིམས་ནང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་ངོས་འཛིན་ཡོང་ཐབས་ཀྱི་བསྒྲུབ་བྱ་གཙོ་བོ་ནི་གདོད་མའི་མིགས་རྣམས་ཀྱིས་ཁོང་ཚོའི་ཚོགས་སྡེ་ཁག་ལ་དོ་འཁུར་དང་གནད་དོན་དེའི་ཐད་ཐག་གཅོད་ཅིག་ཡོང་བར་ཤུགས་རྐྱེན་ཐེབས་རྒྱུ་དེ་ཡིན།
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་བློན་ཆེན་ཁེན་ཝ་ཊི་ Ken Wyatt ལགས་ཀྱིས་མི་ཁག་ཅིག་གིས་གྲོས་ཚོགས་ལ་འབོད་སྒྲ་སྒྲོགས་རྒྱུའི་ཚབ་ལ་གཞུང་ལ་འབོད་སྒྲ་སྒྲོགས་ཚེ་གྲུབ་འབྲས་ཐོན་གྱི་རེད་བསམས་ཀྱི་ཡོད་པ་རེད་ཅེས་གསུངས་དོན།་
ཁོང་གིས་"དོན་དངོས་ཐོག་གྲོས་ཚོགས་ལ་འབོད་སྒྲ་སྒྲོགས་དགོས་པ་ཡིན། འོན་ཀྱང་གཞུང་ལ་འབོད་སྒྲ་སྒྲོགས་པ་ནི་སྐབས་དེའི་གཞུང་འཛིན་ཆབ་སྲིད་ཚོགས་པ་བྱེ་བྲག་པ་དེའི་སྐབས་ཡིན་པ་དང་། ཁོང་ཚོ་ནི་སུ་ཞིག་གིས་དངུལ་ཁུག་གི་ཁ་སྐུད་ལྟ་བུ་ཡིན་ཞིང་། ཁོང་ཚོས་སྲིད་ཇུས་ལ་ཚད་འཛིན་བཟོ་བ་དང་སུ་ཞིག་གི་ཁྲིམས་བཟོས་ལ་འགྲེལ་བཤད་རྒྱག་གི་རེད།
"དེར་བརྟེན་སུ་ཞིག་གིས་གཞུང་ལ་ཤུགས་རྐྱེན་ཐེབས་པར། གྲོས་ཚོགས་བརྒྱུད་ནས་གཞུང་ལ་འབོད་སྒྲ་དེ་སླེབས་དགོས་ཀྱི་ཡོད་པ་རེད་”ཅེས་གསུངས་ཡོད།