དངུལ་སྐྱེད་ཤུགས་ཆེ་འཕར་བ་དང་ཆབས་ཅིག་ཁྲོམ་རའི་ནང་བཟའ་བཅའ་སོགས་ཀྱི་རིན་གོང་ཡང་ཤུགས་ཆེ་འཕར་བའི་རྐྱེན་གྱིས། མི་མང་གི་འཚོ་བའི་འགྲོ་གྲོན་ཇེ་ཆེར་ཕྱིན་པ་དང་། མི་མང་པོ་ཞིག་གིས་ཁང་གླ་སྤྲད་མ་ཐུབ་པ་དང་། ཁང་པའི་བུན་ལོན་མཇལ་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
ཨོ་སི་ཁྲུ་ལི་ཡའི་ནང་དངུལ་ཁང་ཆེ་ཁག་བཞི་གཙོས་པའི་དངུལ་ཁང་ཚང་མའི་དངུལ་སྐྱེད་ཀྱི་བརྒྱ་ཆ་འཕར་ཆགས་ནི་གཙོ་བོར་ Reserve Bank of Australia (RBA) དབུས་ཁང་གིས་སྐྱེད་ཀའི་བརྒྱ་ཆ་གཏན་འབེབས་ལ་རག་ལུས་ཡོད་པ་རེད།
ཉེ་ཆར་ཕྱི་ཚེས་ ༣ ཉིན་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་དངུལ་ཁང་ National Australia Bank (NAB) ནི་ཕྱི་ལོ་ ༢༠༢༥ ལོར་ཨོ་སི་ཁྲུ་ལི་ཡའི་དངུལ་ཁང་ཆེ་ཤོས་བཞི་ནང་བུན་གཡར་དངུལ་སྐྱེད་ཀྱི་བརྒྱ་ཆ་མར་གཅོག་མཁན་ཐོག་མ་དེ་ཆགས་ཡོད།
རྒྱལ་ཡོངས་དངུལ་ཁང་གིས་གཙོ་བོར་བུན་ལོན་གཡར་མཁན་ཚོས་ལོ་གསུམ་རིང་བུན་གཡར་གྱི་དངུལ་སྐྱེད་སོགས་འཕར་ཆག་འགྱུར་ལྡོག་གང་ཡང་མེད་པ་གཏན་འཇགས་བཟོས་ཚེ་ཁོང་ཚོར་ལོ་དུས་དེའི་རིང་སྐྱེད་ཀ་བརྒྱ་ཆ་ ༥་༨༤ ལ་མར་བཅག་འདུག དེ་སྔོན་སོ་སོ་གནས་སྡོད་བྱེད་ས་ཁང་པའི་བུན་ལོན་ལ་དངུལ་སྐྱེད་བརྒྱ་ཆ་ ༦་༡༤ དང་ཚོང་ལས་ཆེད་དུ་བུན་གཡར་ལ་དངུལ་སྐྱེད་བརྒྱ་ཆ་ ༦་༤༨ ཙམ་ཆགས་ཀྱི་ཡོད་པ་རེད།
འདི་ལོ་ཕྱི་ཟླ་ ༢ པའི་ཚེས་ ༡༧ དང་ ༡༨ ཉིན་དབུས་དངུལ་ཁང་གིས་ ༢༠༢༥ ལོའི་ཚོགས་འདུ་ཐོག་མ་དེ་འཚོག་འཆར་ཡོད་པས། ཚོགས་འདུ་དེའི་ཐོག་ནས་དབུས་དངུལ་ཁང་གིས་སྐྱེད་ཀ་བརྒྱ་ཆ་མི་ཚང་མས་ཧང་སང་དགོས་པ་ཞིག་མར་གཅོག་སྲིད་པར་དངུལ་ཁང་གཞན་ཚང་མས་ཚོད་དཔག་བྱེད་བཞིན་ཡོད་འདུག
ད་ལྟའི་ཆར་དབུས་དངུལ་ཁང་ནས་གཞུང་འབྲེལ་གྱི་དངུལ་སྐྱེད་ཚད་གཞི་གཏན་འབེབས་དེ་བཞིན་བརྒྱ་ཆ་ ༤་༣༥ ཆགས་ཀྱི་ཡོད་པ་རེད།
ཡིན་ན་ཡང་ད་ལྟའི་ཆར་ ANZ Bank ཨོ་སི་ཁྲུ་ལི་ཡ་དང་ནིའུ་ཛི་ལན་ཌི་དངུལ་ཁང་ནི་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་དངུལ་ཁང་ཆེ་བ་བཞིའི་ནང་ལོ་གཉིས་དང་གསུམ་རིང་བུན་གཡར་དངུལ་སྐྱེད་སོགས་འགྱུར་ལྡོག་མེད་པ་གཏན་འཇགས་བཟོས་ཚེ་སྐྱེད་ཀ་བརྒྱ་ཆ་ ༥་༧༤ ཡིན་པས་སྐྱེད་ཀ་ཆུང་ཤོས་ཀྱི་གནས་བབས་བཟུང་ཡོད་པ་རེད།
འདི་ནི་ཨོ་སི་ཁྲུ་ལི་ཡའི་དངུལ་ཁང་གཞན་ཁག་གིས་རྒྱལ་ཡོངས་དངུལ་ཁང་གི་ཚོགས་འདུ་མ་འཚོག་གོང་གི་འགུལ་བསྐྱོད་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད།