མི་འབོར་ཞིབ་བཤེར་གསར་པ་ལྟར་ན་ཨོ་གླིང་ནང་ཁྱོན་བོད་མི་ ༢༤༠༠ ཙམ་ཡོད་འདུག

ཨོ་སི་ཊོ་ལི་ཡས་ལོ་ ༥ རེའི་མཚམས་སུ་མི་འབོར་ཞིབ་བཤེར་ཐེངས་རེ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོའི་མི་འབོར་ཞིབ་བཤེར་བྱས་པའི་གྲུབ་དོན་ཉེ་ཆར་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༨ ཉིན་ཕྱིར་བསྒྲགས་བྱས་ཡོད།

Tibetans in Australia

Source: SBS Tibetan

ཐེངས་འདིའི་མི་འབོར་ཞིབ་བཤེར་ནང་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་འབོར་ས་ཡ་ཉི་ཤུ་རྩ་ལྔ་ལྷག་ ༢༥་༤༢༢་༧༨༨ ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་གདོད་མའི་མི་རིགས་ཀྱི་སྐད་ཡིག་ ༡༨༣ ཚུད་པའི་སྐད་ཡིག་མ་འདྲ་བ་གྲངས་ ༤༢༩ ཙམ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསལ་འདུག

ཨོ་སི་ཊོ་ལི་ཡའི་ནང་དབྱིན་སྐད་ཤོད་མཁན་མི་གྲངས་ ༡༨༣༠༣༦༦༢ དང་། རྒྱ་སྐད་ཤོད་མཁན་མི་གྲངས་༦༨༥༢༧༤ ཨ་རབ་ཀྱི་སྐད་ཤོད་མཁན་མི་གྲངས་ ༣༦༧༡༥༩ ཝི་ཏི་ནམ་གྱི་སྐད་ཤོད་མཁན་མི་གྲངས་ ༣༢༠༧༥༨ ཧོང་ཀོང་གི་སྐད་ཤོད་མཁན་མི་གྲངས་ ༢༩༥༢༨༡  པན་ཇབ་ཀྱི་སྐད་ཤོད་མཁན་མི་གྲངས་ ༢༣༩༠༣༣ བཅས་དང་བོད་སྐད་ཤོད་མཁན་མི་གྲངས་ ༢༤༠༢ བཅས་ཆགས་ཡོད་པས། བོད་སྐད་ཤོད་མཁན་གྱིས་གྲངས་འབོར་དེས་ཨོ་སི་ཊོ་ལི་ཡའི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༠་༠༡ ཟིན་ཡོད་པ་རེད།

མི་འབོར་ཞིབ་བཤེར་ལྟར་ན་ཨོ་སི་ཊོ་ལི་ཡའི་ནང་ཆོས་ལུགས་གང་ཡང་དད་མོས་མི་བྱེད་མཁན་གྱི་མི་གྲངས་ ༩༧༦༧༤༤༨ དང་། ཡི་ཤུའི་ཁེ་ཐོ་ལི་ཆོས་ལུགས་དད་མོས་བྱེད་མཁན་མི་གྲངས་ ༥༠༧༥༩༠༧ དང་ཡི་ཤུའི་ཆོས་ལུགས་བྱེ་བྲག་པ་ཨན་གྷི་ལི་ཤན་ Anglican རྗེས་འཇུག་པ་ ༢༤༩༦༧༣    ཁ་ཆེ་  ༨༡༣༣༩༢ ཧིན་དྷུ་ ༦༨༤༠༠༢ ནང་པ་ ༦༡༥༨༢༣ སིཀི་ཆོས་ལུགས་པ་ ༢༡༠༤༠༠ བཅས་ཁྱོན་ཨོ་སི་ཊོ་ལི་ཡའི་ནང་ཆོས་ལུགས་མ་འདྲ་བ་ ༣༥ ཙམ་ཡོད་སྐོར་གསལ་འདུག

ཕྱི་ལོ་ ༢༠༡༦ ལོའི་ཨོ་སི་ཊོ་ལི་ཡའི་མི་འབོར་ཞིབ་བཤེར་སྐབས་དང་བསྡུར་ན་ཐེངས་འདིའི་མི་འབོར་ཞིབ་བཤེར་སྐབས་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་བོད་མི་ ༡༤༧༤ མང་དུ་ཕྱིན་ཡོད་པས་དེས་མི་གྲངས་ཇེ་མང་དུ་ཕྱིན་པའི་བརྒྱ་ཆ་ ༦༣ ཟིན་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ས་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ NSW གྲོང་ཁྱེར་སི་ཌི་ནིང་ Sydney ཁུལ་ཌི་ཝི་ Dee-Why ས་ཁུལ་དེ་ཡིན་ཞིང་ས་གནས་དེར་ཁྱོན་བོད་མི་ ༥༦༤ ཙམ་གནས་སྡོད་བྱས་ཡོད་པ་གསལ་འདུག་ཅིང་། གཞན་ཨོ་སི་ཊོ་ལི་ཡའི་མངའ་སྡེའི་དང་ས་ཁུལ་འདྲ་མིན་གྱི་ས་གནས་ཁག་ ༡༠༠ ཙམ་གྱི་ནང་བོད་མི་མང་ཤོས་ ༧༠ ཙམ་དང་ཉུང་ཤོས་ ༥ ནས་ ༦ བར་གནས་སྡོད་བྱས་འདུག

ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་བོད་མི་ཁྲོད་ནང་པ་ ༢༣༢༡ དང་། ཆོས་ལུགས་གང་ཡང་དད་མོས་མི་བྱེད་མཁན་མི་གྲངས་ ༥༡ ཡི་ཤུའི་ཆོས་ལུགས་བྱེ་བྲག་པ་ Presbyterian and Reformed དད་མོས་བྱེད་མཁན་ ༦ ཆོས་ལུགས་རིས་མེད་བྱེད་མཁན་མི་གྲངས་ ༤ བཅས་འཁོད་འདུག

ཨོ་སི་ཊོ་ལི་ཡའི་མི་འབོར་ཞིབ་བཤེར་དང་ལྷག་པར་དུ་བོད་མིའི་གྲངས་འབོར་དང་། ལོ་ནའི་ཚད་གཞི། ས་གནས་གང་དུ་གནས་སྡོད་བྱས་ཡོད་མེད། ལས་ཀ་གནས་བབས་དང་དཔལ་འབྱོར་གྱི་ཡོང་འབབ་སོགས་ཞིབ་ཕྲ་གནས་ཚུལ་ SBS གསར་ཁང་གིས་སྤེལ་བའི་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས།

ཨོ་སི་ཊོ་ལི་ཡའི་ཕྱི་ལོ་ ༢༠༢༡ ལོའི་མི་འབོར་ཞིབ་བཤེར་གྱི་སྤྱི་ཡོངས་སྙན་ཐོ། 

ཨོ་སི་ཊོ་ལི་ཡི་ནང་མི་འབོར་ཞིབ་བཤེར་ལས་བོད་མིའི་སྐོར་གྱི་གྲུབ་དོན། 


Share

Published

By Sangyal Dorjee

Share this with family and friends