ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ།

Tibet Lobby Day In Australia.jpg

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་ Aust Tibet Council གིས་གོ་སྒྲིག་འོག ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་བཅས་ཀྱི་སྣེ་ཁྲིད་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཚོགས་བཞིན་པ་དང་སྟབས་བསྟུན་ནས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།


ད་ཐེངས་ཀྱི་བོད་དོན་ཞུ་གཏུགས་ Lobby Day སྐབས་སུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཁྱོན་གྲོས་ཚོགས་འཐུས་མི་ ༣༠ ཙམ་མཇལ་འཕྲད་ཐུབ་བྱུང་འདུག

ད་ཐེངས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་སྐབས་བོད་དོན་ཞུ་གཏུགས་གནང་མཁན་རྣམས་གྲོས་ཚོགས་ནང་ཟུར་ཉན་དུ་བཅར་རྒྱུའི་གོ་སྐབས་བྱུང་བ་མ་ཟད། སྐབས་དེར་གྲོས་ཚོགས་ནང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇེ་ནེ་ཊི་རེའི་སི་ Janet Rice ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གཞུང་གིས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་སྐོར་སོགས་གཏམ་བཤད་གནང་ཡོད་པ་རེད།

གྲོས་ཚོགས་འཐུས་མི་ལྕམ་ཇེ་ནི་ཊི་ལགས་ཀྱིས། དེ་རིང་ནི་གལ་ཆེན་གྱི་ཉིན་མོ་ཞིག་ཏེ་བོད་པའི་ཞུ་གཏུགས་ལས་འགུལ་གྱི་ཉིན་མོ་ཞིག་རེད། བོད་ཀྱི་སྐུ་ཚབ་ཚོས་དེ་རིང་གྲོས་ཚོགས་འཐུས་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་ནང་རང་དབང་། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་དུ་ཞུ་གཏུགས་གནང་ཡོད་པ་རེད། དམིགས་བསལ་ངས་ངོ་སྤྲོད་ཞུ་རྒྱུ་ཞིག་ལ་དེ་རིང་གི་བོད་དོན་ཞུ་གཏུགས་གནང་མཁན་གྱི་སྐུ་ཚབ་ནང་། ཨོ་སི་ཊོ་ལི་ཤེ་ཡ་ཁུལ་ནས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྐུ་ངོ་ཀརྨ་སེངྒེ་བཅས་གྲོས་ཚོགས་ནང་ཕེབས་ཡོད་པ་རེད།

སྐུ་ངོ་ཀརྨ་སེངྒེ་ལགས་འདི་ལོ་ཕྱི་ཟླ་ ༦ པའི་ནང་ཝ་ཤིན་ཊོན་ཌི་སི་ལ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ པའི་མཉམ་ཞུགས་བྱས་ཡོད།

དེ་རིང་ཞོགས་པར་བོད་དོན་ཞུ་གཏུགས་གནང་མཁན་ཚོས་གནད་དོན་གཅིག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར་འགྲེལ་བརྗོད་གནང་སོང་། ༡༩༩༥ ལོར་༧གོང་ས་མཆོག་གི་པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྗེས། རྒྱ་ནག་གི་བདེ་སྲུང་མི་སྣས་ལོ་ན་ཆུང་བའི་དགེ་འདུན་ཆོས་ཀྱི་ཉི་མ་བཙན་ཁྲིད་བྱས་པ་རེད། དེ་ནས་བཟུང་ཏེ་ཁོང་གི་སྐོར་གོ་ཐོས་གང་ཡང་མེད་པ་ཆགས་པ་རེད། ད་ལྟའི་ཆར་ཁོང་ཉིད་དགུང་ལོ་ ༣༠ ལས་བརྒལ་ཚར་ཡོད་པ་རེད།

བོད་པའི་རིག་གཞུང་སྲུང་སྐྱོབ་དང་བོད་ཀྱི་ནང་ཆོས་དེ་ད་ཆ་བཙན་གནོན་གྱི་འོག་ཏུ་གནས་ཡོད་པ་རེད། མ་ཚད་༧གོང་ས་མཆོག་གི་སྐུ་པར་ཞིག་ཉར་ཡང་བཙོན་འཇུག་ཐེ་བའི་ཉེས་པ་ཚབ་ཆེན་གཏོང་གི་ཡོད་པ་རེད། མི་ཚང་མ་དང་རྒྱལ་ཁབ་ཚང་མའི་འཇིག་རྟེན་ཡོངས་ཁྱབ་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་ངེས་པར་དུ་གུས་བརྩི་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད། འདི་ན་ཨོ་སི་ཊོ་ལི་ཡ་ཡང་དེའི་ཆ་ཤས་ཤིག་ཆགས་བསྡད་ཡོད་པ་རེད།

གང་ན་འགྲོ་བའི་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་ན་ང་ཚོས་ངེས་པར་དུ་ཁ་གྲགས་དགོས་ཀྱི་ཡོད་པ་རེད། ང་ཚོས་ཨོ་སི་ཊོ་ལི་ཡའི་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་འགྲོ་ལུགས་དང་ལག་བསྟར་ཁོ་ན་དེ་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

Share