སེམས་ཅན་གྱི་བདེ་དོན་སྲུང་སྐྱོབ་བྱེད་བཞིན་པ་ནི་དྲང་བདེན་ཁོ་ནའི་གནད་དོན་ཞིག་མ་ཡིན་པར། དེ་ནི་ཁྲིམས་ཀྱི་ཐོག་ནས་ངེས་པར་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཆགས་ཡོད། མངའ་སྡེ་དང་ས་ཁུལ་སོ་སོ་ནས་ཨོ་སི་ཊོ་ལི་ཡའི་སེམས་ཅན་རྣམས་ཀྱི་བདེ་དོན་ལྟ་སྐྱོང་དགོས་པ་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་སེམས་ཅན་ལ་སྡུག་རྩུབ་སྔོན་འགོག་བྱེད་མཁན་ RSPCA ཞེས་པའི་ཚོགས་པ་དེའི་ལས་བྱེད་རྒན་པ་ Dr Sarah Zito ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་སེམས་ཅན་བདེ་སྡུག་སྐོར་གྱི་ཁྲིམས་ལུགས་གཏན་འབེབས་རིམ་པ་ཞིག་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཁོ་མོས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཚང་མར་སོ་སོའི་ཁྲིམས་ཀྱི་དབང་ཚད་ཁྱབ་ཁོངས་ནང་སེམས་ཅན་གྱི་བདེ་དོན་ཐད་ཁྲིམས་ལུགས་མ་འདྲ་བ་ཡོད་པ་རེད། ཡིན་ན་ཡང་དེ་ཚོ་ཚང་མ་སེམས་ཅན་གྱི་ལུས་སེམས་གཉིས་ཀ་ལ་སྡུག་སྦྱོང་བཀག་འགོག་བྱེད་ཕྱོགས་ནང་ཚུད་ཡོད་པ་རེད།
སེམས་ཁམས་ལ་གནོད་འཚེ་གཏོང་བ་ནི་དཔེར་ན་སེམས་ཅན་དེ་ལ་སྡུག་བསྔལ་བཟོ་བ་དང་ཞེད་སྣང་སྐུལ་བ་བཅས་ཡིན་ཞིང་ཁྲིམས་ཀྱི་ཁྱབ་ཁོངས་མང་པོ་ཞིག་གི་ནང་སེམས་ཅན་གྱི་བདེ་དོན་ཁྲིམས་ལུགས་ཟེར་བ་ཡོད་པ་རེད། དེའི་ནང་ག་རེ་གསལ་ཡོད་པ་རེད་ཟེར་ན་མི་སུ་ཞིག་ལ་སེམས་ཅན་ཞིག་ལྟ་སྐྱོང་གི་འགན་འཁུར་ཡོད་ན། དེས་སེམས་ཅན་དེ་ལ་ལྟ་སྐྱོང་ངེས་པར་དུ་བྱེད་དགོས་པའི་ཁྲིམས་ལུགས་བཟོས་ཡོད་པ་རེད་རེད་ཅེས་གསུངས་འདུག
Dr Sarah ལགས་ཀྱིས་སེམས་ཅན་ཞིག་ལ་འགན་འཁུར་ཡོད་པའི་མི་སྣ་ནི། ཁྲིམས་ཐོག་ནས་སེམས་ཅན་དེའི་བདག་པོ་ཆགས་པ་དང་། མི་དེར་སེམས་ཅན་དེ་དོ་དམ་བདག་གཉེར་དང་ཡང་ལྟ་སྐྱོང་བྱེད་མཁན་ཚང་མ་ཚུད་ཡོད་པ་རེད། དཔེར་ན། སེམས་ཅན་རྒྱུད་སྤེལ་བ་དང་གསོ་སྐྱོང་བྱེད་མཁན། ཡང་ན་ཁྱིམ་ཚང་ནང་གསོ་ཉར་བྱེད་མཁན་ལྟ་བུར་ལ་གོ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སེམས་ཅན་དེ་ལ་ལྟ་སྐྱོང་གི་འགན་འཁུར་ནི། མི་སྣ་དེས་སེམས་ཅན་དེ་ལ་ཟས་དང་ཆུ་ཏག་ཏག་ཅིག་སྤྲོད་དགོས་ཀྱི་ཡོད་པ་དང་། ད་དུང་སེམས་ཅན་དེ་ལ་སྡོད་སའི་མཐུན་རྐྱེན་བསྐྲུན་དགོས་པ། སེམས་ཅན་དེ་ལ་གནོད་འཚེ་བའི་རིགས་ག་རེ་ཡོད་རུང་ཚང་མ་སྔོན་འགོག་དང་མེད་པ་བཟོ་དགོས་པ། ད་དུང་སེམས་ཅན་དེར་རང་བྱུང་རྒྱུན་ལྡན་གྱི་འཚོ་བ་ལྟར་རོལ་དུ་འཇུག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སེམས་ཅན་ལྟ་སྐྱོང་གི་འགན་འཁུར་ནང་ད་དུང་མི་གཞན་གྱི་སེམས་ཅན་ཁྱེད་རང་གི་ཁང་པ་དང་རླངས་འཁོར་སོགས་ཀྱི་ནང་འཁྱེར་བཞིན་པའི་སྐབས་སུ་ཟས་དང་ཆུ་སོགས་མཐུན་རྐྱེན་ཏག་ཏག་མ་སྤྲད་ཚེ་ཡང་ཁྲིམས་ཐོག་ནས་ནག་ཉེས་ཚབ་ཆེན་ཕོག་གི་ཡོད་སྐོར་ PETA ཞེས་པའི་སེམས་ཅན་སྲུང་སྐྱོབ་ཚོགས་པ་དེའི་འགྲིན་ཚབ་མ་ Weyman-Jones ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཁོ་མོས་སེམས་ཅན་རྒྱུད་སྤེལ་བྱེད་མཁན་གྱི་བཟོ་ཚོང་ཁང་ཁག་གིས་དཔེར་ན་ཞི་མི་དང་ཁྱི་སོགས་བདག་གཉེར་སྐབས་ཟས་དང་ཆུ་མ་སྤྲད་པ་དང་། ད་དུང་སྨན་བཅོས་ཀྱི་མཐུན་རྐྱེན་ཏག་ཏག་མ་སྤྲད་པ། དེ་བཞིན་སེམས་ཅན་ཚོང་ལས་ཁང་ཁག་གི་ནང་ལའང་དེ་དང་གཅིག་མཚུངས་ཀྱི་གནས་ཚུལ་ཐོན་ཀྱི་ཡོད་པ་དཔེར་ན། རྟ་རྒྱུགས་འགྲན་བསྡུར་སྐབས་སུ་སེམས་ཅན་དེ་ལ་ལྟ་སྐྱོང་སྣང་མེད་བཏང་ཚེ་ཁྲིམས་ཐོག་ནས་ནག་ཉེས་་གཅིག་མཚུངས་སུ་ཕོག་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག གཅེས་ཉར་སེམས་ཅན་རྒྱུད་སྤེལ་བྱེད་མཁན་དེ་ཚོ་དང་སེམས་ཅན་བདེ་དོན་གྱི་ཚོགས་པ་ཁག་དབར་རྒྱུན་དུ་ནས་རྩོད་རྙོག་ཐུག་གི་ཡོད་པ་རེད།
ཁྱི་དེ་ཚོ་བདག་ཉར་གྱིས་ཡང་དང་བསྐྱར་དུ་ཁྱི་ཕྲུག་སྐྱེས་བཅུག་ན་ཚབ་ཆེ་བའི་གནད་དོན་ཅིག་ཆགས་ཀྱི་ཡོད། བདག་པོ་ཚོས་ཁྱི་ཕྲུག་མང་པོ་ཞིག་སྐྱེས་བཅུག་ནས་ཁེ་འབབ་ཀྱི་ཆེད་དུ་ཉོ་ཚོང་བྱེད་པ་དང་། སེམས་ཅན་རྒྱུད་སྤེལ་བྱེད་མཁན་དེ་ཚོའི་རྩ་ནས་ཉོས་ཏེ་གཅེས་ཉར་སེམས་ཅན་ཁྲོམ་ར་ལ་ཚོང་གི་ཡོད་པ་རེད་ཅེས་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་ནང་ཁྱི་ཕྲུག་དང་ཞི་མི་ཐོན་སྐྱེད་ཁང་མང་པོ་ཞིག་དེ་སྔོན་བཀག་འགོག་བྱས་ཡོད་པ་དང་། སེམས་ཅན་རྒྱུད་སྤེལ་བྱེད་མཁན་དེ་ཚོར་ལག་འཁྱེར་ཆོག་མཆན་དགོས་ཀྱི་ཡོད་པ་རེད། སེམས་ཅན་ཐོན་སྐྱེད་དང་རྒྱུད་སྤེལ་གྱིས་རྐྱེན་པས་སེམས་ཅན་མང་པོ་ཞིག་ལ་འཕྲོད་བསྟེན་གྱི་དཀའ་ངལ་དང་སྡུག་རྩུབ་ཆེན་པོ་མྱོངས་གི་ཡོད་པ་རེད།
མངའ་སྡེ་ཁག་ཅིག་གིས་སེམས་ཅན་ཁག་ཅིག་རྒྱུད་སྤེལ་ཐད་དམ་དྲག་ལག་བསྟར་བྱེད་ཀྱི་ཡོད་པ་དང་དེ་ཡང་སེམས་ཅན་གཅིག་མ་གཏོགས་རྒྱུད་སྤེལ་བྱེད་མི་ཆོག་པས་དེ་ནི་ཧ་ཅང་རླབས་ཆེན་ཞིག་ཆགས་ཡོད། ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་ད་ལྟའི་ཆར་ལག་བསྟར་བྱེད་བཞིན་ཡོད་པ་རེད། སེམས་ཅན་ཧ་ཅང་མང་པོ་ཞིག་ཁེ་བཟང་གི་ཆེད་དུ་ཉོ་ཚོང་བྱེད་ནས་སེམས་ཅན་ཁག་ཅིག་ཧ་ཅང་ཆུང་ཆུང་སྐབས་ནས་ཨ་མ་དང་ཁ་འཕྲལ་ནས་འཁྱེར་འགྲོ་གི་ཡོད་པས། སེམས་ཅན་རྒྱུད་སྤེལ་ལག་བསྟར་དེས་སེམས་ཅན་དེ་དང་སེམས་ཅན་དེ་ཉོ་མཁན་ཚང་མ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་གསུངས་འདུག
སྤྱིར་གཅེས་ཉར་སེམས་ཅན་ཉར་འདོད་ཡོད་ཚེ། སེམས་ཅན་ཉེན་སྐྱོབ་ཁང་དེ་ཚོ་ནས་བསྒྲུབ་ན་ཡག་པོ་ཡོད་པ་རེད། ཉེན་སྐྱོབ་ཁང་དེ་ཚོའི་ནང་གཅེས་ཉར་སེམས་ཅན་བདེ་ཐང་ཡིན་པ་གང་ཞིག་བདག་མེད་དེ་འདྲ་མང་པོ་ཞིག་ཡོད་པ་རེད།
ཡང་ཨོ་སི་ཊོ་ལི་ཡ་རང་དུ་ས་སྐྱེས་རྡོ་སྐྱེས་བྱས་པའི་སེམས་ཅན་དེ་ཚོ་ལ་དམིགས་བསལ་ཁྲིམས་དོན་གནས་བབས་ཡོད་པ་རེད་ཅེས། སེམས་ཅན་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་བྱེད་ Tara Ward ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡ་གཞུང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་དེ་ཚོ་དོ་དམ་བྱེད་ཕྱོགས་ཐད་རིམ་པ་མ་འདྲ་བ་ཡོད་པ་རེད། གང་ཡིན་ཟེར་ན་ཕྱོགས་གཞན་པ་ཞིག་ནི་སེམས་ཅན་དེ་ཚོ་སུ་གང་ཞིག་ལ་དབང་གི་ཡོད་པ་མ་རེད། དེརབརྟེན་གཞུང་གིས་བདག་མེད་སེམས་ཅན་དང་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་དེ་ཚོའི་སྐོར་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་རེད། ད་དུང་དེའི་ཐོག་ལ་སེམས་ཅན་སྤྱིའི་བདེ་དོན་གྱི་ཁྲིམས་ལུགས་ཡོད་པ་དང་དེ་ནི་ང་ཚོའི་ཁྱི་དང་། ཞི་མི། ཀངྒ་རུ། བྱ་བྱིའུ། བདག་མེད་སེམས་ཅན་བཅས་སེམས་ཅན་ཚང་མའི་ཆེད་དུ་ཁྲིམས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཁྱེད་རང་ལ་གཞུང་གི་ཆོག་མཆན་ལག་འཁྱེར་ཡོད་ན་མ་གཏོགས་གཞན་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་མང་ཆེ་བ་འཁྱེར་ནས་འགྲོ་བ་དང་གནོད་འཚེ་བྱས་ཚེ་དེ་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པ་དང་། སྟོང་ཉེན་ཅན་གྱི་སེམས་ཅན་ཁག་ཅིག་ལ་དམིགས་བསལ་གྱི་སྲུང་སྐྱོབ་ཡོད་པ་རེད།
མངའ་སྡེ་དང་ས་ཁུལ་སོ་སོར་གནས་བབས་མ་འདྲ་བ་ཡོད་ཅིང་གལ་སྲིད་ཁྱེད་རང་ལ་ལག་འཁྱེར་ཡོད་ཚེ་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་ཁག་ཅིག་ཁྱེད་རང་གི་གཅེས་ཉར་སེམས་ཅན་དུ་བདག་ཉར་བྱེད་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག
ཁྱེད་རང་གིས་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་དེ་ཚོ་ས་སྟོང་ལུང་སྟོང་ནས་འཁྱེར་ནས་གཅེས་ཉར་བྱེད་ཆོག་གི་ཡོད་པ་མ་རེད། དེ་ནི་མངའ་སྡེ་དང་ས་ཁུལ་མང་ཆེ་བའི་ནང་ཁྲིམས་འགལ་དང་ནག་ཉེས་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་དཔེར་ན་བྱིའུ་ཁག་ཅིག་དང་རྩངས་པ་ཁ་རལ་ཁག་ཅིག་ལ་ལག་འཁྱེར་དགོས་ཀྱི་ཡོད་པ་མ་རེད་ཅེས་གསུངས་འདུག
ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་དེ་དག་འགྲོ་བ་མིས་ལག་པ་འཆང་ཚེ་སེམས་ཅན་དེ་དག་གི་བདེ་ཐང་ལ་གནོད་སྐྱོན་ཐེབས་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དམིགས་བསལ་ཁག་ཅིག་ཡོད་སྐོར་ལྕམ་ Ward ལགས་ཀྱིས་འགྲེལ་བརྗོད་གནང་འདུག
མངའ་སྡེ་དང་ས་ཁུལ་མང་ཆེ་བའི་ནང་གལ་སྲིད་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་དེ་འདྲ་ཞིག་ཁྱེད་རང་གི་སྒོ་རའི་ནང་ཡོང་སྲིད་པའམ། མ་ཚད་ང་ཚོ་ཕྱི་ལོགས་ལ་འགྲོ་སྐབས་སེམས་ཅན་ཞིག་ནད་པ་ཆགས་པའམ་སྡུག་བསྔལ་མྱོང་བཞིན་ཡོད་པ་མཐོང་ཚེ་དེ་འཁྱེར་ནས་འགྲོ་ཆོག་གི་ཡོད།
སྤྱི་བཏང་སེམས་ཅན་ཞིག་མོ་ཊས་བརྡུང་ཡོད་ཚེ། ཁྲིམས་ཐོག་ནས་སེམས་ཅན་དེ་འཁྱེར་ནས་འགྲོ་ཆོག་གི་ཡོད། འོན་ཀྱང་དེ་ནི་ཕྱུགས་ནད་སྨན་པའང་བདག་མེད་སེམས་ཅན་ལྟ་སྐྱོང་བྱེད་མཁན་སོགས་ལག་འཁྱེར་ཡོད་མཁན་དེ་འདྲ་ཞིག་ཡིན་དགོས།
སེམས་ཅན་བདེ་དོན་གྱི་ཁྲིམས་དང་འགལ་ཚེ་ཉེས་ཆད་ལྗིད་པོ་ཕོག་སྲིད་ཀྱི་ཡོད་པ་དང་དེ་ཡང་སྒོར་མོའི་ཆད་པ་དང་བཙོན་འཇུག་སོགས་ཀྱི་ཁྲིམས་ཆད་ཕོག་སྲིད་སྐོར་ Dr Zito ལགས་ཀྱིས་འགྲེལ་བརྗོད་གནང་འདུག སེམས་ཅན་ལ་སྡུག་རྩུབ་དང་ལྟ་སྐྱོང་ཚུལ་བཞིན་མ་བྱས་པའི་ཉེས་ཁྲིམས་མངའ་སྡེ་མ་འདྲ་བ་ལ་ཁྲིམས་མ་འདྲ་བ་ཡོད་པ་རེད།
དུད་འགྲོ་སེམས་ཅན་བདེ་དོན་དང་སྡུག་རྩུབ་སྔོན་འགོག་གི་ཁྲིམས་ནང་ནིའུ་སའོ་ཐི་ཝལ་མངའ་སྡེ་ཡིན་ན་མང་ཤོས་ལོ་ ༥ བར་བཙོན་འཇུག་དང་། ཁུན་སི་ལན་ཌི་མངའ་སྡེའི་ནང་ལོ་བདུན་བར་བཙོན་འཇུག ནུབ་ཕྱོགས་མངའ་སྡེའི་ནང་ལོ་ ༥ བར་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། ད་དུང་སྒོར་མོའི་ཉེས་ཆད་ཀྱང་ཆེན་པོ་གཅོད་ཀྱི་ཡོད་པ་དཔེར་ན། མི་སྒེར་པ་ཞིག་ཡིན་ན་ཨོ་སྒོར་འབུམ་ ༢ མན་ཆད་་དང་། ཚོགས་སྡེ་ཞིག་ཡིན་ན་ཨོ་སྒོར་ས་ཡ་ ༡ མན་ཆད་ཉེས་ཆད་གཅོད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
གལ་སྲིད་ཁྱེད་རང་གིས་སེམས་ཅན་གང་འདྲ་ཞིག་ལ་སྡུག་སྦྱོང་དང་མནར་གཅོད་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཚེ་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད།
གལ་སྲིད་ཁྱེད་རང་གིས་བདག་མེད་སེམས་ཅན་ཐེ་བའི་སེམས་ཅན་གང་འདྲ་ཞིག་ཡིན་རུང་མི་སུ་ཞིག་གིས་གནོད་འཚེ་གཏོང་གི་ཡོད་པ་མཐོང་ཚེ་ RSPCA གཙོས་པའི་སེམས་ཅན་སྲུང་སྐྱོབ་ཀྱི་ཚོགས་པ་དང་འགན་འཁུར་མི་སྣར་ཁ་པར་གཏོང་དགོས་པ་དང་། ང་ཚོའི་དྲ་ཚིགས་གཙོ་བོར་ RSPCA.org.au ལ་འགྲེལ་གཏུགས་དང་སྙན་སེང་ཞུ་ས་ཡོད་པ་རེད། འོན་ཀྱང་མངའ་སྡེ་དང་ས་ཁུལ་སོ་སོ་ལ་ RSPCA ཞེས་པའི་སེམས་ཅན་སྲུང་སྐྱོབ་ཚོགས་པ་རེར་ཡོད་པ་རེད་ཅེས་གསུངས་འདུག
ཁྱེད་རང་གིས་གནས་ཚུལ་ཞིག་སྙན་སེང་ཞུས་སྐབས་ཁྱེད་རང་གི་མིང་དང་ཁ་བྱང་ཞིབ་ཕྲ་སོགས་གདེང་ཚོད་ཡོད་པ་བྱེད་དགོས། གལ་སྲིད་ཁྱེད་རང་གིས་སེམས་ཅན་ཞིག་ཛ་དྲག་ཉེན་ཁའི་ནང་ཡོད་པ་མཐོང་ཚེ་ཉེན་རྟོག་པར་འབྲེལ་གཏུགས་བྱེད་དགོས་པ་རེད་ཅེས་ ལྕམ་ Ms Weyman-Jones ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་ཞིག་ན་བ་དང་། རྨས་སྐྱོན་ཕོག་ཡོད་པ། ཡང་ན་དྭག་ཕྲུག་ལྷག་པ་སོགས་མཐོང་ཚེ་བདག་མེད་སེམས་ཅན་སྲུང་སྐྱོབ་ཁང་ལ་སྙན་སེང་ཞུ་དགོས་ཤིང་འབྲེལ་གཏུགས་ཁ་པར་ཨང་གྲངས་ 1300 596 457 ཐོག་དུས་ཚོད་ཆུ་ཚོད་ ༢༤ རིང་འབྲེལ་གཏུགས་བྱེད་ཐུབ།
ཨོ་སི་ཊོ་ལི་ཡའི་བདག་མེད་སེམས་ཅན་སྐོར་ཤེས་རྟོགས་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ས་སྐྱེས་རྡོ་སྐྱེས་ཀྱི་སེམས་ཅན་མང་པོ་ཞིག་ནི་ཕྲུ་གུ་མཉམ་དུ་འཁྱེར་ནས་འགྲོ་མཁན་གྱི་སེམས་ཅན་ཡིན་པས། དེ་འདྲ་སོང་ཙམ་གལ་སྲིད་ཁྱེད་རང་གིས་སེམས་ཅན་ཀངྒ་རུ་དང་། ཀོའེ་ལཱ་སོགས་མོ་ཊས་བརྡུང་ཡོད་པ་མཐོང་ཚེ། གལ་སྲིད་ཁྱེད་རང་གི་མོ་ཊ་དེ་ཁ་བཀག་ན་བདེ་འཇགས་རེད་འདུག་ན། སེམས་ཅན་དེའི་གྲོད་ཁུག་ནང་ཕྲུ་གུ་ཡོད་མེད་ལྟ་དགོས་པ་དང་གལ་སྲིད་འདུག་ཚེ་སེམས་ཅན་ཉེན་སྐྱོབ་བྱེད་མཁན་ལ་ཁ་པར་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སེམས་ཅན་ཉེན་སྐྱོབ་ཚོགས་པ་ RSPCA ནི་སེམས་ཅན་བདེ་དོན་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་ཡོད་པ་ཞིག་ཡིན་པ་དང་། ཚོགས་པ་དེ་ནི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ཡོད་པ་རེད། སེམས་ཅན་ཉེན་སྐྱོབ་ཚོགས་པ་དེའི་སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཚིགས་ kb.rspca.org.au ཐོག་ལ་གཟིགས་རོགས།