ཨོ་སི་ཊོ་ལི་ཡའི་ནང་ཛ་དྲག་གི་གནས་ཚུལ་དཔེར་ན་ཆུ་ལོག་དང་། དྲག་ཆར། གཞན་ཡང་རང་བྱུང་གིས་གནོད་འཚེ་གོད་ཆག་སྐབས་སུ། དང་བླངས་ཞབས་ཞུ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད།
རྒྱལ་ཁབ་ཀྱི་ཛ་དྲག་ཞབས་ཞུ་ SES ཞེས་པ་དེ་ཨོ་སི་ཊོ་ལི་ཡའི་ནང་ཚོགས་སྡེ་ཁག་ཁ་ཤས་ཤིག་གི་མིང་དེ་བེད་སྤྱོད་བྱེད་ནས་རྐྱེན་ཆགས་སྐབས་སུ་རོགས་རམ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད།
ལྷག་པ་དུ་ཞབས་ཞུ་དེ་ནི་རང་བྱུང་གི་གོད་ཆག་དཔེར་ན། ཆུ་ལོག་དང་དྲག་ཆར། མཚོ་རླབས་སོགས་དང་འབྲེལ་བ་ཡོད་པ་དང་། གཞན་ཡང་ཛ་དྲག་གི་གནས་ཚུལ་གཡང་གཟར་ལས་མྱུར་སྐྱོབ་དང་ལམ་ཁ་ཆད་སྐྱོན་སྐབས་དང་། འགྲིམ་འགྲུལ་བརྡབ་སྐྱོན། མི་བོར་བརླག་འཚོལ་ཞིབ་དང་སྨན་བཅོས་མྱུར་སྐྱོབ་སོགས་ཚུད་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོར་ཛ་དྲག་ཞབས་ཞུའི་ཁྱབ་ཁོངས་དང་ཁྱབ་ཚད་མ་འདྲ་བ་མ་འདྲ་བ་ཡོད་པ་རེད།
Priscilla Grimme ལགས་ནི་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཝི་ཊོ་རི་ཡའི་ནང་ཛ་དྲག་ཞབས་ཞུ་ནང་དང་བླངས་བ་རྣམས་ལ་རོགས་རམ་གནང་མཁན་གྱི་ལས་བྱེད་ཅིག་ཡིན་པ་རེད།
ཁོང་གིས་ཝི་ཊོ་རི་ཡ་ཛ་དྲག་ཞབས་ཞུ་ VICSES ནས་གོད་ཆག་ཀྱི་གནས་ཚུལ་འབྱུང་སྐབས་གོད་ཆག་ཐེབས་མཁན་ཀྱི་ཚོགས་སྡེ་རྣམས་ལ་འབྲེལ་བ་དང་རོགས་རམ་གྲ་སྒྲིག་གནང་གི་ཡོད་སྐོར་གསུངས་འདུག
ཁོང་གིས་ང་ཚོ་ནི་རྒྱུན་དུ་ཆུ་ལོག་དང་། དྲག་ཆར། ས་ཡོམ། ས་ཉིལ་བ་དང་གཞན་ཡང་མཚོ་རླབས་ཕྱུར་སྐབས་མྱུར་སྐྱོབ་དོ་དམ་བྱེད་མཁན་ཞིག་ཡིན་ཞིང་། དཔེར་ན་དྲག་ཆར་སྐབས་སུ་ཁང་པ་དང་། མོ་ཊ། འགྲོ་ལམ་དེ་འདྲ་ཤིང་སྡོང་ཟག་པ་དེ་འདྲའི་གནས་ཚུལ་སྐབས་སུ་ང་ཚོའི་དང་བླངས་བ་རྣམས་སྐད་བཏང་ནས་ཁོང་ཚོས་རོགས་རམ་གནང་གི་ཡོད་པ་རེད་ཅེས་གསུངས་འདུག
གཞན་ཡང་རྒྱལ་ཁབ་ཀྱི་ཛ་དྲག་ཞབས་ཞུ་ SES ནས་ཚོགས་སྡེ་གཞན་པར་དམིགས་བསལ་ཉེན་རྟོག་པ་དང་། མེ་གསོད་རུ་ཁག་སོགས་ལ་དང་བླངས་རྒྱབ་སྐྱོར་གནང་གི་ཡོད་སྐོར་མེལ་བྷོན་གྱི་ས་གནས་ Frankston ནང་ཡོད་པའི་ཛ་དྲག་ཞབས་ཞུ་ཁང་གི་དོ་དམ་པ་གཞོན་པ་ Mrs Grimme ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཁོ་མོས་ང་ཚོས་མི་བརྩལ་འཚོལ་དང་ཉེན་སྐྱོབ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ང་ཚོས་ཝི་ཊོ་རི་ཡའི་ཉེན་རྟོག་པ་དང་མཉམ་དུ་ཉེས་ཅན་པ་དང་མི་བོར་བརླག་ཏུ་ཕྱིན་པ་དེ་འདྲ་བཙལ་རོགས་བྱེད་ཀྱི་ཡོད་པ་རེད། མ་ཚད་ང་ཚོས་ཝི་ཊོ་རི་ཡའི་ནད་པ་མྱུར་སྐྱོབ་རླངས་འཁོར་ Amblance རོགས་པ་བྱེད་ནས་ནད་པ་དབོར་འདྲེན་རོགས་རམ་བྱེད་ཀྱི་ཡོད། གལ་སྲིད་མི་ཞིག་ས་ཆ་ཁུག་ཀྱོག་དེ་འདྲར་ བརྡག་ཆག་བྱུང་ཚེ་ང་ཚོས་སྨན་ཁང་ལ་སྐྱེལ་རོགས་དང་། ཛ་དྲག་མྱུར་སྐྱོབ་ལ་ཁ་པར་གཏོང་རོགས་བྱེད་ཀྱི་ཡོད། མཚམས་རེར་མཚོ་འགྲམ་དང་ཤིང་ནག་གསེབ་ལ་གནས་ཚུལ་དེ་འདྲ་ལྷག་ཚེ་ང་ཚོས་རོགས་པ་བྱེད་ཀྱི་ཡོད། ང་ཚོའི་དང་བླངས་པ་མང་པོ་ཞིག་ལ་ལམ་ཁ་སྒང་ལ་བརྡབ་སྐྱོན་གྱི་གནས་ཚུལ་ལྷག་ཚེ་ཉེན་སྐྱོབ་གང་འདྲ་བྱེད་དགོས་མིན་དང་། འཕྲོད་བསྟེན་དང་བདེ་འཇགས་སྲུང་སྐྱོབ་གང་འདྲ་བྱེད་དགོས་མིན། ཛ་དྲག་མྱུར་སྐྱོབ་བྱེད་སྟངས་སོགས་སྦྱོང་བརྡར་སྤྲད་ཡོད་པ་རེད། ཁྱེད་རང་དང་བླངས་ལ་ཞུགས་འདོད་ཡོད་ཚེ་ཛ་དྲག་མྱུར་སྐྱོབ་བྱེད་སྟངས་ཀྱི་ཐབས་ལམ་དང་སྦྱོང་བརྡར་མ་འདྲ་བ་མང་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞབས་ཞུ་ SES ཡི་དང་བླངས་ཐབས་ཇུས་དོ་དམ་པ་ Andrew McCullough ལགས་ཀྱིས་དང་བླངས་བ་དེ་ཚོ་ནི་མངའ་སྡེའི་ཛ་དྲག་ཞབས་ཞུ་ནང་ཟུང་ཁྲག་གཙོ་བོ་དེ་ཆགས་ཡོད་སྐོར་གསུངས་འདུག
ཁོང་གིས་ཛ་དྲག་ཞབས་ཞུའི་ནང་བརྒྱ་ཆ་ ༩༩ ནི་དང་བླངས་བ་རེད། ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞབས་ཞུ་ཁང་ནང་དང་བླངས་བ་མི་གྲངས་ ༡༠༠༠༠ ཙམ་ཡོད་པ་དང་། དུས་ཡུན་ཆུ་ཚོད་ ༢༤ རིང་ལ་ཛ་དྲག་ཞབས་ཞུའི་ལས་དོན་ལ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད་པ་རེད་ཅེས་གསུངས་འདུག
ང་ཚོ་ལ་ལས་བྱེད་ཁྱོན་མི་གྲངས་ ༢༥༠ ཙམ་ལས་ཡོད་མ་རེད། ལས་ཀ་བྱེད་མཁན་མང་ཆེ་བ་ནི་གླ་མེད་ཀྱི་དང་བླངས་བ་དེ་ཚོ་རེད། གལ་སྲིད་ཁོང་ཚོ་མེད་པ་ཡིན་ན་ཛ་དྲག་གི་ཞབས་ཞུ་ལས་དོན་རྒྱ་ཆེན་པོ་སྒྲུབ་ཐུབ་ཀྱི་མེད་པ་དང་ཁོང་ཚོ་ནི་ང་ཚོའི་ནུས་ཤུགས་གཙོ་བོ་དེ་ཆགས་ཡོད་ཅེས་གསུངས་འདུག
ཛ་དྲག་ཞབས་ཞུའི་ནང་ལས་རིགས་འདྲ་མིན་སྣ་ཚོགས་ཡོད་པ་རེད་འདུག སྐུ་ཞབས་ Grimme ལགས་ཀྱིས་དང་བླངས་ཞབས་ཞུ་དེའི་ནང་ལས་དོན་གྱི་ཡུལ་དངོས་ལ་ཞུགས་དགོས་པ་དང་ལས་དོན་ཡུལ་དངོས་ལ་ཞུགས་མི་དགོས་པའི་ལས་ཀ་དེ་འདྲ་མང་པོ་ཞིག་ཡོད་སྐོར་བརྗོད་འདུག
ང་ཚོའི་རྒྱལ་ཁབ་ནང་རྒྱུན་དུ་ནས་དང་བླངས་བ་གསར་པ་དེ་འདྲ་འཚོལ་བཞིན་ཡོད། གལ་སྲིད་ཁྱེད་རང་གིས་བསམས་པར་ཛ་དྲག་ཞབས་ཞུའི་ལས་དོན་དཔེར་ན། ཁང་པའི་ཐོག་ཁར་འཛེགས་དགོས་པ་དང་ཤིང་སྡོང་གཅོད་འབྲེག་དེ་འདྲ་ཐུབ་ས་མ་རེད་དྲན་ཡང་། ང་ཚོར་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་དང་། ལས་དོན་འཛིན་སྐྱོང་བྱེད་མཁན་དེ་འདྲ་དགོས་ཀྱི་ཡོད་པ་རེད། ད་དུང་ང་ཚོ་ལ་ས་གནས་སློབ་གྲྭ་དང་ཚོགས་སྡེ་དེ་འདྲར་འགྲོ་ནས་ཆུ་ལོག་དང་དྲག་ཆར་སྐབས་སུ་བདེ་འཇགས་སྐོར་སྐད་ཆ་ཤོད་ནས་འགྲོ་རྒྱུར་དགའ་པོ་ཡོད་མཁན་དེ་འདྲ་ཡང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཡིན་ནའང་ཝི་ཊོ་རི་ཡ་ཛ་དྲག་ཞབས་ཞུ་ཁང་གིས་དང་བླངས་ལ་འཛུལ་ཞུགས་གནང་འདོད་ཡོད་མཁན་རྣམས་ཀྱི་སྙན་ཞུ་བང་རིམ་བཞིན་འདེམས་སྒྲུབ་དང་། དེ་ནས་དང་བླངས་ཀྱི་ལས་དོན་ཁག་གསལ་པོ་གོ་རྟོགས་སྤེལ་བ་དང་། ད་དུང་དང་བླངས་ལས་དོན་སྒྲུབ་སྟངས་སྦྱོར་བརྡར་སྤྲོད་པ་དང་། དང་བླངས་བ་རྣམས་ལ་ཞབས་ཞུ་སྒྲུབ་སྟངས་འཁྲབ་སྟོན་ཡང་བྱེད་བཅུག་གི་ཡོད་འདུག
སྐུ་ཞབས་ Grimme ལགས་ཀྱིས་དང་བླངས་བ་རྣམས་ཛ་དྲག་ཞབས་ཞུ་ SES ནང་འཛུལ་ཞུགས་ཟིན་རྗེས་ཁོང་ཚོ་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་། ཡིན་ནའང་གལ་ཆེ་ཤོས་ནི་ཁོང་ཚོས་ཛ་དྲག་རུ་ཁག་ནང་ཞུགས་ནས་ལས་དོན་སྒྲུབ་ཐུབ་པ་ཞིག་དགོས་ཀྱི་ཡོད་སྐོར་གསུངས་འདུག
ཁོང་གིས་ཁྱེད་རང་ལ་སྤྱི་སེམས་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྤྱིར་བཏང་ང་ཚོའི་ལས་དོན་དེ་དང་བླངས་ཐོག་ནས་མི་གཞན་ལ་རོགས་རམ་བྱ་རྒྱུ་དེ་རེད། དེ་བཞིན་ཁྱེད་རང་ཡང་བདེ་ཐང་དང་ལས་ཀ་བྱེད་ཐུབ་མཁན་ཞིག་ཡིན་དགོས་པ་རེད། ང་ཚོའི་ལས་ཀ་ཁག་ཅིག་ཏོག་ཙམ་ཤུགས་ལས་བྱེད་དགོས་ཀྱི་ཡོད་པ་རེད། དཔེར་ན་ཤིང་ནག་གསེབ་ལ་གོམ་པ་རྒྱག་ནས་འགྲོ་དགོས་པ་དང་། མི་འཚོལ་བར་དེ་འདྲ་ཡང་འགྲོ་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་ལས་དོན་ཚང་མ་ང་ཚོས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅེས་གསུངས་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞབས་ཞུ་ SES ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཊོ་ལི་ཡའི་མི་སེར་མ་ཡིན་པ་གནས་སྐབས་ཐོངས་ཆེན་ཐོག་ནས་གནས་སྡོད་བྱེད་མཁན་དེ་འདྲའི་རིགས་གཅིག་དང་བླངས་ཞབས་ཞུའི་ལས་དོན་ནང་མཉམ་ཞུགས་བྱེད་ཆོག་གི་ཡོད་འདུག
སྤྱིར་བཏང་ཐོངས་ཆེན་གླ་ཡོད་ལས་ཀ་བྱེད་ཆོག་མཁན་དེ་ཚོ་ཚང་མ་དང་བླངས་ལས་ཀ་བྱེད་ཆོག་གི་ཡོད་པ་རེད་འདུག ཐོངས་ཆེན་ Visa ཐོག་ནས་གནས་སྡོད་བྱེད་མཁན་ཚོས་གལ་སྲིད་ཛ་དྲག་ཞབས་ཞུའི་དང་བླངས་ལས་ཀ་དེ་འདྲ་བྱ་འདོད་ཡོད་ཚེ་ཁྱེད་རང་གི་ཐོངས་ཆེན་དེའི་ཐོག་ནས་དང་བླངས་ལས་ཀ་བྱེད་ན་འགྲིག་གི་ཡོད་མེད་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལྷན་ཁང་གི་དྲ་ཚིགས་ VEVO ཐོག་ནས་གཟིགས་དགོས་ཀྱི་ཡོད་པ་རེད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞགས་ཞུ་དེའི་ནང་ལོ་ན་ ༡༦ དང་ ༡༧ ལོན་པ་རྣམས་ཞུགས་ཆོག་གི་ཡོད་ཀྱང་། ཕ་མ་དང་ལྟ་སྐྱོང་བྱེད་མཁན་གྱི་ཆོག་མཆན་ངེས་པར་དུ་དགོས་ཀྱི་ཡོད་པ་རེད།
ཡིན་ན་ཡང་ལོ་ན་ ༡༨ མན་རྣམས་རྡབ་ཆག་གི་གནས་ཚུལ་དང་ལམ་ཁ་མྱུར་སྐྱོབ་སོགས་ཀྱི་ལས་དོན་ནང་ཞུགས་ཆོག་གི་མེད་པ་རེད་འདུག
ཁུན་སི་ལན་ཌིའི་ཛ་དྲག་ཞབས་ཞུ་ ནས་ཛ་དྲག་ཞབས་ཞུའི་ནང་དང་བླངས་བྱེད་པར་ལོ་ན་ ༡༨ ཡན་རྣམས་ཀྱིས་ངེས་པར་དུ་རང་ཉིད་ནག་ཉེས་མེད་པའི་ངོས་སྦྱོར་ཡི་གེ་དགོས་ཀྱི་ཡོད་འདུག སྐུབས་ཞབས་ Mr McCullough ལགས་ཀྱིས་གལ་སྲིད་ཁྱེད་རང་དང་བླངས་ཞབས་ཞུ་ནང་ཞུགས་འདོད་ཡོད་ཚེ་དྲ་ཐོག་ནས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཡོད་པའི་ཛ་དྲག་ཞབས་ཞུ་ཁང་ཁག་གི་སྒྲིག་གཞི་དང་འགྲོ་ལུགས་ལ་ཞིབ་འཇུག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
ཁོང་གིས་རྒྱལ་ཁབ་ཀྱི་ཛ་དྲག་ཞབས་ཞུ་ཁང་ནས་ཚོགས་སྡེ་ཁག་མ་འདྲ་བ་ནས་དང་བླངས་ཞབས་ཞུ་བ་བསྡུ་གི་ཡོད་པ་དང་། དེ་ཚོ་ལ་རྒྱབ་ལྗོངས་མ་འདྲ་བ་དང་ལག་རྩལ་དང་འཇོན་ཐང་མ་འདྲ་བ་རེར་ཡོད་པ་རེད། ཛ་དྲག་ཞབས་ཞུ་ཁང་གི་དྲ་ཚིགས་ཐོག་བསྐྱོད་ནས་སྙན་ཞུའི་འགེང་ཤོག་སྐོང་རོགས། མ་ཚད་ཁོང་ཚོ་ས་གནས་ཀྱི་ཞབས་ཞུ་ཁང་ཁག་ལ་འགྲོ་ནས་སྐད་ཆ་དྲིས་ཚེ་ལས་དོན་གྱི་གོ་སྐབས་མ་འདྲ་བ་མང་པོ་ཡོད་པ་རེད་ཅེས་གསུངས་འདུག
སྐུ་ཞབས་ Mr McCullough ལགས་ཀྱིས་ཁོང་རང་ཉིད་ལོ་ ༡༡ གོང་ལ་ཛ་དྲག་དང་ཞབས་ཞུ་ནང་འཛུལ་ཞུགས་བྱས་པ་དང་། སྐབས་དེར་ཁོང་ཉིད་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་ཡོད་པས་ཉམས་མྱོང་གང་ཡང་མེད་ཀྱང་ཞབས་ཞུ་ཁང་གིས་དམིགས་བསལ་ལག་རྩལ་ཡོད་མེད་གང་ཡང་བལྟ་གི་ཡོད་པ་མ་རེད་ཅེས་གསུངས་འདུག
ཁོང་གིས་ང་ཚོས་སྐབས་དེར་ལམ་ཁ་བཟོ་བཅོས་སྐབས་ས་གང་འདྲ་བྱེད་ནས་བརྐོ་དགོས་མིན་དང་ཤིང་གང་འདྲ་བྱེད་ནས་གཏུབ་དགོས་མིན་སྦྱང་བ་རེད། གནད་འགག་གཙོ་བོ་ནི་མི་མྱུར་སྐྱོབ་གང་འདྲ་བྱེད་དགོས་མིན་དང་གཞི་རྩའི་ཉེན་སྐྱོབ་གང་འདྲ་བྱེད་དགོས་མིན་སྦྱོང་བརྡར་དང་ལག་རྩལ་དེ་གལ་ཆེན་པོ་ཆགས་འདུག་ཅེས་གསུངས་འདུག
སྐབས་ཞབས་ Mr McCullough ལགས་ཀྱིས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞབས་ཞུ་ལ་མཚོན་ན་དབྱིན་ཇི་ལས་སྐད་ཡིག་གཞན་པ་ཤོད་མཁན་དང་བླངས་བ་དེ་འདྲ་དགོས་མཁོ་ཆེན་པོ་འདུག་ཅེས་གསུངས་འདུག
ཁོང་གིས་ང་ཚོ་ནིའུ་སའོ་ཐི་ཝལ་མངའ་སྡེ་ནི་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཀྱི་སྤྱི་ཚོགས་ཤིག་ཡིན་པས། ང་ཚོའི་དང་བླངས་རུ་ཁག་ནང་ལ་སྐད་ཡིག་དང་རིག་གཞུང་གི་རྒྱབ་ལྗོང་མ་འདྲ་བ་དང་ལག་རྩལ་དང་ཉམ་མྱོངས་མ་འདྲ་བ་ཡོད་དགོས་ཀྱི་འདུག ཛ་དྲག་ཞབས་ཞུ་རུ་ཁག་ནང་ཁྱེད་རང་དང་འདྲ་བའི་སྐད་ཡིག་དང་རིག་གཞུང་གཅིག་པ་ཡིན་མཁན་གྱི་དང་བླངས་བ་དེ་འདྲ་དགོས་མཁོ་ཆེན་པོ་འདུག་ཅེས་གསུངས་འདུག
Zulfi Hydari ལགས་ནི་ཨ་ཧྥ་གྷ་ནི་སི་ཐན་ནས་ཡིན་ཞིང་། ཁོང་ཉིད་ལོ་ ༢༠ གོང་ཨོ་སི་ཊོ་ལི་ཡར་འབྱོར་ནས་ད་ལྟ་མངའ་སྡེ་ཝི་ཊོ་རི་ཡའི་ནང་གནས་སྡོད་བྱས་ཡོད། ཁོང་གིས་དང་བླངས་ཐོག་ནས་མི་བརླག་པ་དེ་འདྲ་མང་པོ་ཞིག་འཚོལ་རོགས་དང་། སེམས་ཅན་མང་པོ་ཞིག་ཉེན་སྐྱོབ་བྱས་མྱོངས། གཞན་ཡང་ཉེན་རྟོག་པ་ལ་ཉེས་ཅན་མི་སྣ་འཚོལ་རོགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་མྱོང་ཡོད་སྐོར་བརྗོད་འདུག
ཁོང་གིས་ང་རང་ཐོག་མར་ལུང་པ་འདི་ལ་འབྱོར་སྐབས་རྒྱལ་ཁབ་འདིས་ང་ཚོ་ལ་སྣེ་ལེན་བྱས་དུས་ང་རང་གི་སེམས་ནང་ལ་རྗེས་མ་སྤྱི་ཚོགས་འདི་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་ཀྱི་འདུག་བསམས་བྱུང་། རྒྱུ་མཚན་དེ་ལ་བརྟེན་ནས་ང་རང་རྒྱལ་ཁབ་ཀྱི་ཛ་དྲག་ཞབས་ཞུ་ SES ནང་དང་བླངས་ལས་ཀར་འཛུལ་ཞུགས་བྱས་པ་ཡིན་ཞེས་བརྗོད་འདུག
སྐབས་ཞབས་ Mr Hydari ལགས་ཀྱིས་དང་བླངས་ཞབས་ཞུ་འདིའི་ནང་དང་བླངས་ལས་ཀ་བྱས་བྱེད་མཁན་གྲོགས་པོ་གྲོགས་མོ་མང་པོ་ཞིག་བྱུང་སྐོར་བརྗོད་འདུག
Telesia Loloa ལགས་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་བྱང་ཤར་ཁུལ་དུ་ཡོད་པའི་གྲོང་ཁྱེར་ Lismore ནང་གི་དང་བླངས་ཞབས་ཞུ་ཁང་གི་ཚོགས་མི་ཞིག་ཡིན་པ་དང་། ཁོ་མོ་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཛ་དྲག་ཞབས་ཞུ་ནང་ཕྱི་ལོ་ ༢༠༡༥ ལོར་འཛུལ་ཞུགས་བྱས་ཤིང་དེ་ནི་ཁོང་མོའི་མི་ཚེའི་ནང་བདམ་ག་ཡག་ཤོས་ཤིག་ཆགས་སོང་ཞེས་གསུངས་འདུག
ཁོ་མོས་ང་རང་གྲོང་ཁྱེར་ Lismore ནང་གི་ཛ་དྲག་ཞབས་ཞུ་ཁང་ནང་ལོ་ ༨ གོང་ལ་འཛུལ་ཞུགས་བྱས་པ་ཡིན། དེ་ནི་ང་རང་གི་མི་ཚེའི་ནང་ཉམ་མྱོངས་ཡག་ཤོས་ཤིག་བྱུང་སོང་། listmore གྲོང་ཁྱེར་ནང་གི་ཛ་དྲག་ཞབས་ཞུ་ཁང་དེའི་ནང་ང་ཚོ་ཚོགས་མི་ ༨༠ ཙམ་ཡོད་པ་རེད། ཞབས་ཞུའི་ལས་དོན་དེའི་བརྒྱུད་ནས་རོགས་པ་ཡག་པོ་མང་པོ་ཞིག་རག་སོང་ལ། ཛ་དྲག་ཞབས་ཞུ་ SES ནི་ངའི་ཁྱིམ་ཚང་ལྟ་བུ་ཞིག་ཚོར་གྱི་ཡོད་ཅེས་གསུངས་འདུག