འཛིན་གྲྭ་དེ་ཐོག་མར་རྒན་རྭ་ལོ་དོན་ལྡན་ལགས་ནས་ཁོང་རང་ཉིད་ཀྱི་ཁྱིིམ་ཚང་ནང་བོད་པའི་ཕྲུ་གུ་ཁག་ཅིག་ལ་བོད་སྐད་ཡིག་དང་རིག་གནས་སློབ་ཁྲིད་གནང་ཡོད་པ་དང་། དེ་ནས་རིམ་པར་ཕྲུ་གུ་མང་དུ་ཕྱིན་པ་དང་ས་གནས་སུ་ཚོགས་ཁང་ཞིག་ཀྱང་གཡར་ཐུབ་པ་བྱུང་བས། ད་ལྟའི་ཆར་ལོ་ན་ ༥ ཡན་གྱི་བོད་ཕྲུག་ ༡༧ ཙམ་ཆགས་ཏེ། དགེ་རྒན་གཅིག་ལས་མེད་ཀྱང་ཁོང་གིས་རེས་གཟའ་སྤེན་པ་འཆར་ཅན་དུ་ཞོགས་པ་ཆུ་ཚོད་ ༨ པ་ནས་ ༡༠ པ་དང་ ༡༠ པ་ནས་ ༡༢ བར་བཅས་འཛིན་གྲྭ་རིམ་པ་ཁག་གཉིས་ཚོགས་གནང་གི་འདུག
དགེ་རྭ་ལོ་དོན་ལྡན་ལགས་ཀྱིས་བོད་སྐད་ཡིག་དང་། ས་གནས་འདིའི་བོད་ཕྲུག་རྣམས་ཀྱི་ཆེད་བདུན་ཕྲག་རྟགས་པར་རེས་གཟའ་སྤེན་པ་ཉིན་གྱི་དུས་ཚོད་གལ་ཆེན་དེ་ཡོངས་སུ་བློས་གཏོང་གནང་གི་ཡོད་པ་དང་། ཁོང་ལ་དབྱིན་ཇིས་ཚོས་ཤོད་སྲོལ་ལྟར་ Time is Money དུས་ཚོད་ནི་སྒོར་མོ་ཡིན་པས་དེ་འདྲའི་བློ་གཏོང་དང་། མ་ཚད་གཟའ་མཇུག་ནི་ནང་མི་རྣམས་མཉམ་འཛོམས་དང་ལྷན་དུ་སྤྲོ་འཆམ་ལ་འགྲོ་བའི་དུས་ཚོད་རྩ་ཆེ་ཤོས་དེ་ཡིན་པས་དེ་འདྲའི་དུས་ཚོད་ཅིག་བློས་གཏོང་བྱེད་པའི་ལྷག་བསམ་དང་ཆོད་སེམས་གང་འདྲ་བྱས་ནས་སྐྱེས་སོང་ཞེས་དྲིས་སྐབས་ཁོང་གིས། ང་ཚོའི་བོད་ཀྱི་སྐད་ཡིག་དེ་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཏང་དང་གཏོང་བཞིན་པ་རེད། ཚུར་ཕྱོགས་ལ་ཕྱི་རྒྱལ་ཁག་ལ་བོད་པའི་ཕྲུ་གུ་རྣམས་ལ་བོད་སྐད་བོད་ཡིག་སློབ་ས་མེད་པའི་གནས་སྟངས་དེའི་དཀའ་ངལ་ཁྲོད་ནས་སོ་སོ་ལ་སེམས་ཤུགས་བསྐྱེད་དེ་དུས་ཚོད་གཏོང་ནས་བློས་བཏང་ཞིག་མ་བྱས་པ་ཡིན་ན་འགྲིག་ཐབས་མེད་པ་ཞིག་མཐོང་གི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་དང་རིག་གནས་སྲུང་སྐྱོབ་དང་། བོད་རང་བཙན་གྱི་འཐབ་རྩོད། བོད་དོན་བདེ་མཐའ་སེལ་ཐབས་བཅས་ཀྱི་ཆེད་དུ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་སྲོག་ཚུན་ཆད་བློས་གཏོང་གནང་ཡོད་པ་རེད། ཁོང་ཚོས་དེ་འདྲའི་བློས་གཏོང་ཞིག་བྱས་ཡོད་དུས་ང་ཚོའི་ངོས་ནས་བདུན་ཕྲག་གཅིག་གི་ནང་ཆུ་ཚོད་གསུམ་བཞི་ཞིག་བློས་གཏོང་བྱེད་མ་ཐུབ་པ་མི་འདུག་བསམས་ཀྱི་འདུག་ཅེས་མིག་ཆུ་དང་བཅས་ཏེ་འགྲེལ་བརྗོད་གནང་སོང་། རྭ་ལོ་དོན་ལྡན་ (བློ་བཟང་ལུང་རྟོགས་) ལགས་ནི་ལྷ་ས་ཁུལ་འཕན་པོ་རུ་སྐྱེས་ཤིང་ ༡༩༩༡ བར་ལྷ་ས་སེ་ར་དགོན་པར་རི་མོ་དང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་པ་དང་། འོན་ཀྱང་ ༡༩༨༧ ལོར་ལྷ་སར་ཞི་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་ ༡༩༡༩ ལོའི་ལོ་མཇུག་ཏུ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་། རྒྱ་གར་ནང་ཐོག་མར་རྡ་ས་རིག་ལམ་སློབ་གཉེར་ཁང་དུ་སྐབས་དང་པོའི་དགེ་རྒན་འོས་སྦྱོང་དང་རིག་གནས་རབ་འབྱམས་པའི་སློབ་གཉེར་གནང་། ༡༩༩༤ ལོར་སློབ་སྦྱོང་ཐོན་རྗེས་ ༡༩༩༧ བར་སཱ་ར་མཐོ་སློབ་དང་། བོད་ཕྲུག་ཁྱིམ་སྡེ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་བསལ་གླིང་བཅས་ལ་བོད་སྐད་ཡིག་རིག་གནས་ཐོག་ཕྱག་ལས་གནང་། ༡༩༩༧ ལོར་ཨོ་སི་ཊོ་ལི་ཡར་གཞིས་སྤོ་ལ་འབྱོར་བ་དང་། ཨོ་གླིང་ནང་ད་བར་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་གི་དགེ་རྒན་དང་། དགེ་ཆེ། སློབ་སྤྱི་བཅས་ཁྱོན་དུས་ཡུན་ལོ་ངོ་ ༡༣ ཙམ་གྱི་རིང་བོད་སྐད་ཡིག་རིག་གནས་དང་བོད་པའི་སྤྱི་ཚོགས་ལ་དང་བླངས་ཐོག་ནས་ཞབས་རྗེས་ཞུས། གཞན་ཡང་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་རིག་གཞུང་འགན་འཛིན་སོགས་གནང་། དེའི་ཞོར་དུ་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་མི་རིགས་སྐད་ཡིག་སློབ་གྲྭའི་ནང་ལོ་ ༣ ཙམ་རིང་དེང་དུས་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་དང་། སློབ་སྤྱིའི་འགན་འཁུར་གནང་སྟངས། སློབ་གྲྭ་སྐྱོང་སྟངས་བཅས་ལ་སློབ་སྦྱོང་བྱས། དེ་དང་ཆབས་ཅིག་ཨོ་སི་ཊོ་ལི་ཡའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་འགྲོ་སྟངས་དང་སྲིད་ཇུས་བཅས་ལ་ཞིབ་འཇུག་སློབ་སྦྱོང་བྱས། ལོ་གཅིག་ཙམ་གོང་ལ་ཁོང་དང་ནང་མི་ཁེམ་བྷེལ་ཊོན་ས་གནས་ལ་གནས་སྤོས་དང་། ད་ལྟའི་ཆར་ཁེམ་བྷེལ་ཊོན་ས་གནས་གཟའ་མཇུག་བོད་ཡིག་འཛིན་གྲྭའི་འགན་འཁུར་བ་དང་དགེ་རྒན་གནང་མུས་ཡིན།