ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་ནིའུ་སའོ་ཐི་ཝལ་མངའ་སྡེའི་དང་། ཁུན་སི་ལན་ཌི། ཝི་ཊོ་རི་ཡ། ཁན་བྷེ་ར་བཅས་ནས་ལོ་ན་ ༡༦ ནས་ ༣༥ བར་གྱི་བོད་རིགས་ན་གཞོན་བརྒྱ་ལྷག་ཙམ་མཉམ་ཞུགས་ཀྱིས་ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་འགྲན་བསྡུར་གནང་ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེའི་ཐོག་ནས་བོད་རིགས་ན་གཞོན་རྣམས་ཀྱི་སྤྱོད་ལམ་དང་ནང་ཁུལ་འཆམ་མཐུན་གང་གི་ཆ་ནས་ཧ་ཅང་མིག་དཔེ་འོས་པ་ཞིག་ཆགས་ཡོད་པ་རེད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེའི་ཐོག་ནས་ལག་རྩེད་སྤོ་ལོ་ཨང་དང་པོ་མེལ་བྷོན་རུ་ཁག་དང་། རྐང་རྩེད་སྤོ་ལོ་ཨང་དང་པོ་ནིའུ་སའོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཌ་ནིང་གི་ཉེ་འགྲམ་དུ་ཡོད་པའི་གནས་མཁར་གསར་རུ་ཁག་ལ་ཐོབ་ཡོད་པ་རེད།
ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་སྐབས་ཨོ་སི་ཊོ་ལི་ཡའི་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། Northern Beaches Council གྲོང་སྡེའི་ལྷན་ཁང་གི་སྤྱི་ཁྱབ་ Michael Regan ལགས་བཅས་ཕེབས་ནས་ན་གཞོན་རྣམས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་གིས་ན་གཞོན་ལུས་རྩལ་པ་རྣམས་ལ། ད་ཆ་མི་རབས་རྒན་པ་རྣམས་རྫོགས་འགྲོ་ཡི་ཡོད་སྟབས་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་འགན་འཁུར་མང་ཙམ་བཞེས་དགོས་པ་དང་། ད་ལྟ་བོད་གཉན་འཕྲང་གི་དུས་སྐབས་འདིར་བོད་པ་རྣམས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པས། རྩེད་འགྲན་གྱི་མིང་ལ་”ཆིག་སྒྲིལ་”ཞེས་བཏགས་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད་པ་དང་། ཚང་མའི་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་དགོས་སྐོར་གསུངས་སོང་།
གཞན་ཡང་ལུས་རྩལ་འགྲན་ཚོགས་སྐབས་ཨོ་སི་ཊོ་ལི་ཡའི་ཁུལ་ནས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་རིགས་ན་གཞོན་རྣམས་ཕན་ཚུན་ངོ་ཤེས་དང་། ཆུང་ཆུང་སྐབས་ནས་གསོ་སྐྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
ལུས་རྩལ་འགྲན་ཚོགས་འདི་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷེ་རར་ཚོགས་ཡོད་པ་རེད།
ཨོ་གླིང་བོད་རིགས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ལུས་སེམས་ཀྱི་བདེ་ཐང་དང་། བོད་རིགས་ནང་ཁུལ་འཆམ་མཐུན་གྱི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད།