
Source: SBS Tibetan
དེ་རིང་འཁྲུངས་སྐར་སྲུང་བརྩི་མཛད་སྒོ་ཐོག་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རྒྱུན་དུ་ང་ཚོས་༧གོང་ས་མཆོག་བཀའ་དྲིན་ཆེན་པོ་ཡིན་ཟེར་ནས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་ཐོག་ནས་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་རྩ་དོན་ཆེད་འབད་བརྩོན་བྱས་པ་ཡིན་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ཆགས་ཀྱི་རེད་ཅེས་གསུངས་སོང་།
ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་གིས་ང་ཚོས་ཆབ་སྲིད་ཐོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་པ་དང་ཆབས་ཅིག ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ཆོས་དང་རིག་གཞུང་བདག་པོ་རྒྱག་དགོས་པ་དེ་ཡང་གལ་ཆེན་པོ་རེད་ཅེས་གསུངས་སོང་།
ཉེ་ཆར་སིཌ་ནིང་བོད་མི་ནང་ཁུལ་དུ་དཀའ་རྙོག་སེལ་ཐུབ་པ་བྱུང་ནས། ཐེངས་དང་པོ་འཁྲུངས་སྐར་མཉམ་དུ་སྲུང་བརྩི་ཞུ་རྒྱུ་བྱུང་བར། དེ་རིང་འཁྲུངས་སྐར་དང་སྟབས་བསྟུན་ཨོ་གླིང་སྐུ་ཚབ་དོན་གཅོད་དང་། ལྷོ་ཕྱོགས་ཨེ་ཤེ་ཡའི་སྤྱི་འཐུས། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་བཅས་ནས། སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མིག་དམར་ཚེ་རིང་ལགས་དང་། ཚོགས་གཞོན་ཟུར་པ་ཐུབ་བསྟན་རྒྱལ་མཚན་ལགས། སིཌ་ནིང་དང་བླངས་མི་མང་གི་ཚོགས་གཙོ་ཟུར་པ་འཇིགས་མེད་རྡོ་རྗེ་ལགས་དང་ཚོགས་གཞོན་རྒྱུན་ལས་ཟུར་པ། གཞན་ཡང་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པ་སོགས་ལ་ཁ་བཏགས་སྒྲོན་འབུལ་གནང་ཡོད་པ་རེད།
དེ་རིང་སིཌ་ནིང་ཁུལ་དུ་བོད་མི་རྣམས་ལྷན་དུ་འཛོམས་ནས་གཞན་དང་ཞབས་བྲོ་འཁྲབ་པ་སོགས་༧གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།