ཉེ་ཆར་ ༥ ཚེས་ ༩ རེས་གཟའ་ཟླ་བ་ཉིན་ཨོ་སི་ཊོ་ལི་ཡས་རྒྱལ་ཡོངས་འོས་བསྡུ་འགོ་འཛུགས་ཀྱིས། འོས་བསྡུའི་ས་ཚིགས་གྲངས་ ༥༠༠ ཙམ་སྒོ་ཕྱེས་ནས་མངའ་སྡེ་སྤྱི་མཐུན་སྲིད་གཞུང་གི་འོས་བསྡུ་ Federal Election དེ་དུས་ཚོད་དངོས་ལས་སྔོན་ནས་འགོ་འཛུགས་བྱས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གིས་འདི་ལོར་འོས་ཤོག་བླུག་མཁན་གྱི་མི་གྲངས་བརྒྱ་ཆ་ཕྱེད་ཀ་ཙམ་གྱིས་འོས་བསྡུའི་དུས་ཚོད་དངོས་ཕྱི་ཟླ་ ༥ ཚེས་ ༢༡ གི་སྔོན་ནས་ཐག་གཅོད་ཚར་སྲིད་སྐོར་ཚོད་དཔག་བྱེད་བཞིན་ཡོད་འདུག
འདི་ལོར་ཆབ་སྲིད་པ་རྣམས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཆེད་བྲེལ་བ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཀྱང་། རྒྱུ་མཚན་མང་པོ་ཞིག་གིས་རྐྱེན་པས་མི་ཁག་ཅིག་གིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་མ་ཚར་གོང་ནས་འོས་ཤོག་བླུག་ཚར་འགྲོ་བཞིན་ཡོད་པ་རེད།
འོས་ཤོག་བླུག་མཁན་ཞིག་གིས་ང་རང་གཟུགས་པོའི་འཕྲོད་བསྟེན་ལ་དཀའ་ངལ་ཡོད་པ་སོང་ཙམ་འདིར་ཡོང་བ་ཡིན། ངས་ནམ་རྒྱུན་ནས་འོས་ཤོག་སྔོན་ནས་བླུག་བཞག་གི་ཡོད། གང་ཡིན་ཟེར་ན་ང་ཚུར་སྐྱེལ་མཁན་དང་ཕར་བསུ་མཁན་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཡང་འོས་ཤོག་བླུག་མཁན་གཞན་ཞིག་གིས་ངས་འོས་ཤོག་སྔོན་ནས་བླུག་པ་ཡིན་གང་ཡིན་ཟེར་ན། གཟའ་ཕུར་བུ་ཉིན་ང་རང་ཡོ་རོབ་ལ་ཕར་འཕུར་འགྲོ་རྒྱུ་ཡིན། འོས་བསྡུ་དངོས་སུ་བྱེད་པའི་སྐབས་སུ་ང་རང་ཨོ་སི་ཊོ་ལི་ཡའི་ནང་ཡོད་མ་རེད་ཅེས་གསུངས་འདུག ཡང་འོས་ཤོག་བླུག་མཁན་བུད་མེད་གཞན་ཞིག་གིས་ང་ཚོས་རྒྱུན་དུ་ནས་འོས་ཤོག་སྔོན་ནས་བླུག་བཞག་གི་ཡོད་ཅེས་གསུངས་འདུག
ཏོག་དབྱིབས་ནད་ཡམས་དེ་ད་དུང་ཡང་མི་རྣམས་ཀྱི་སེམས་ལ་བསྡད་ཡོད་པའི་རྐྱེན་གྱིས། མི་མང་པོ་ཞིག་གིས་འོས་བསྡུ་དངོས་སུ་བྱེད་པའི་ཉིན་མོ་འཚང་ག་ཆེན་པོ་ཡོད་ཀྱི་རེད་བསམས་ནས་འོས་ཤོག་ད་ལྟ་ནས་སྔོན་ལ་བླུག་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡའི་གུང་ཡངས་ཚོགས་པའི་སྤྱི་འཐུས་འོས་མི་ Fiona Martin ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་གིས་འོས་ཤོག་སྔོན་ནས་བླུག་རྒྱུ་བདམས་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་འགྲེལ་བརྗོད་གནང་འདུག
ཁོ་མོས་གང་ཡིན་ཟེར་ན་ཏོག་དབྱིབས་འགོས་ཁྱབ་ཀྱིས་རྐྱེན་པས་མི་མང་པོ་ཞིག་གིས་འོས་བསྡུའི་ཉིན་མོ་འཚང་ག་ནང་འགྲོ་མི་དགོས་པའི་ཆེད་དུ་འོས་ཤོག་སྔོན་ལ་བླུག་གི་ཡོད་པ་རེད། ཁོང་ཚོས་སྔོན་ལ་ཡོངས་ནས་འོས་ཤོག་སྔོན་ལ་བླུག་པའི་ཀུན་སློང་ཏན་ཏན་ད་ག་རང་རེད་བསམས་ཀྱི་འདུག་ཅེས་གསུངས་འདུག
ཉེ་བའི་ལོ་འགས་ཤས་ནང་ནས་འོས་ཤོག་སྔོན་ལ་བླུག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་ཐོན་བཞིན་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༣ འོས་ཤོག་སྔོན་ལ་བླུག་མཁན་གྱི་མི་གྲངས་བཞི་ཆ་གཅིག་ཙམ་ཟིན་མེད་ཀྱང་། དེའི་ལོ་ ༣ རྗེས་ཕྱི་ལོ་ ༢༠༡༩ ལོར་འོས་ཤོག་སྔོན་ལ་བླུག་མཁན་གྱི་མི་གྲངས་བརྒྱ་ཆ་ ༥ ཙམ་ཡར་འཕར་ནས། སྐབས་དེར་འོས་ཤོག་སྔོན་ལ་བླུག་མཁན་གྱི་མི་གྲངས་བརྒྱ་ཆ་ ༤༠ ཙམ་ཟིན་ཡོད།
ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གི་མགྲིན་ཚབ་པ་ Ekin-Smyth ལགས་ཀྱིས་འདི་ལོར་འོས་ཤོག་སྔོན་ལ་བླུག་མཁན་གྱི་གྲངས་འབོར་སྔོན་མ་ལས་མང་བ་ཆགས་སྲིད་སྐོར་བརྗོད་འདུག
ཁོང་གིས་ཐེངས་འདིའི་འོས་བསྡུ་དེ་ང་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་བཞིན་པའི་སྐབས་སུ་བྱེད་བཞིན་ཡོད་པ་རེད། གལ་སྲིད་ཁྱེད་རང་གིས་དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་སྦྲག་ཐོག་ནས་འོས་བླུག་པ་དང་སྔོན་ལ་འོས་བླུག་པ་གཉིས་བསྡོམས་པ་ཡིན་ན་བརྒྱ་ཆ་ ༤༠ རེད། ད་ཐེངས་ཀྱི་འོས་བསྡུ་འདིའི་སྐབས་སུ་འོས་ཤོག་སྔོན་ལ་བླུག་མཁན་གྱི་བརྒྱ་ཆ་ ༥༠ ཟིན་སྲིད་པ་རེད་འདུག་ཅེས་གསུངས་འདུག
འོས་ཤོག་སྔོན་ལ་བླུག་པའི་ལས་དོན་འགོ་བཙུགས་པ་དང་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀའི་འགོ་ཁྲིད་ཚོས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ངལ་རྩོལ་ཚོགས་པའི་འགོ་ཁྲིད་ Anthony Albanese ནས་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་གྲོང་ཁྱེར་ Adelaide ནང་འོས་བསྡུ་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཡོད་པའི་གྲོང་ཁྱེར་ Nowra ནའོ་རའི་ནང་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད་འདུག
འོས་མི་ཁག་ཅིག་གིས་དབྱིན་ཇིའི་སྐད་ཡིག་དེ་སྐད་ཡིག་གཉིས་པ་ཡིན་མཁན་རྣམས་ལ་ད་དུང་རོགས་རམ་མང་བ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་བཞིན་ཡོད་འདུག Jamal Daoud ནི་གྲོང་ཁྱེར་སིཌ་ཁུལ་གྱི་ཨོ་སི་ཊོ་ལི་ཡའི་ཆིག་སྒྲིལ་ཚོགས་པ་ UAP འོས་མི་ཞིག་ཡིན་པ་རེད།
ཁོང་གིས་ངའི་ནང་མི་རྣམས་ཀྱིས་དབྱིན་སྐད་རྒྱག་གི་ཡོད་ཀྱང་ད་དུང་ཁོང་ཚོས་འོས་ཤོག་བླུག་སའི་འགྲོ་སྟངས་དཀའ་ངལ་འཕྲད་བཞིན་འདུག ང་ཚོས་བསམས་པར་འོས་ཤོག་བླུག་སའི་འགྲོ་སྟངས་ཆ་ཚང་སྟབས་བདེ་པོ་ཞིག་བཟོ་དགོས་ཀྱི་འདུག་ཅེས་གསུངས་འདུག
ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གིས་སྐད་ཡིག་དང་པོ་དབྱིན་སྐད་མི་རྒྱག་མཁན་རྣམས་ཀྱི་ཆེད་དུ་ཁོང་ཚོས་རོགས་རམ་ག་རེ་བྱེད་ཐུབ་པ་དེ་བྱས་ཚར་ཡོད་སྐོར་བརྗོད་འདུག
འོས་བསྡུ་ལྷན་ཁང་གིས་འོས་ཤོག་བླུག་སྟངས་སྐོར་གྱི་འགྲེལ་བརྗོད་དང་ཁྱབ་བསྒྲགས་སྐད་ཡིག་མ་འདྲ་བ་ ༣༣ ནང་ཡིག་སྒྱུར་བྱས་འགྲེམས་སྤེལ་བྱས་ཡོད་ཅེས་སོགས་འགྲེལ་བརྗོད་གནང་འདུག