ཨོ་གླིང་གི་འོས་བསྡུ་ལས་འགུལ་སྐབས་ཕྱི་རྒྱལ་རོགས་སྐྱོར་སྐོར་གནད་དོན་གཙོ་བོ་ཞིག་ཆགས་བཞིན་པ།

Aids

Source: AUSTRALIA GOVERNMENT DOD

ཉེ་ཆར་སོ་ལོ་མོན་ Solomon གླིང་ཕྲན་དང་རྒྱ་ནག་གཉིས་དབར་བདེ་འཇགས་གྲོས་མཐུན་ཞིག་བཞག་རྗེས་འདིར་ལོར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་སྐབས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་ཕྱོགས་དེ་གནད་དོན་གཙོ་བོ་ཞིག་ཆགས་བཞིན་ཡོད་འདུག


གནད་འགག་ནི་ཨོ་སི་ཊོ་ལི་ཡས་ཞི་བདེ་རྒྱ་མཚོའི་ནང་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་དེ་དག་ལ་འབྲེལ་ལམ་དང་ཤུགས་རྐྱེན་འདང་ངེས་ཤིག་སྤྲོད་ཐུབ་ཀྱི་ཡོད་མེད་གླེང་སློང་ཡོང་གི་ཡོད་པས་རེད། 

Doctor Divi Ogaoga ལགས་ནི་མེལ་བྷོན་གཙུག་ལག་སློབ་གཉེར་ཁང་དང་མཉམ་དུ་སོ་ལོ་མོན་གླིང་ཕྲན་ནང་ས་ཆ་ཁུག་ཀྱོག་དེ་ཚོར་སྨན་བཅོས་རོགས་རམ་གྱི་ལས་དོན་བྱེད་མཁན་ཞིག་ཡིན།

ཡིན་ན་ཡང་གལ་སྲིད་ཁོང་གི་ལས་དོན་ལ་རོགས་དངུལ་དེ་ཚོ་སུས་སྤྲད་ཀྱི་ཡོད་མེད་དྲིས་ཚེ་དེ་ནི་ཨོ་སི་ཊོ་ལི་ཡ་མ་ཡིན་པར་རྒྱལ་ཁབ་གཞན་གྱིས་རོགས་དངུལ་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག 

ཁོང་གིས་དབྱིན་ཡུལ་ནི་གོ་ལ་འདིའི་ཕར་ཕྱོགས་ཀྱི་ངོས་ལ་གནས་ཡོད་པ་རེད། ང་ཚོ་སོ་ལོ་མོན་གླིང་ཕྲན་དང་ཧ་ཅང་ཐག་ཉེ་རེད། ངའི་རེ་བ་ཨོ་སི་ཊོ་ལི་ཡའི་གཞུང་གིས་སོ་ལོ་མོན་གླིང་ཕྲན་ནང་ཕྲུ་གུ་རྣམས་ཀྱི་སྲོག་རླུང་ཡོ་ཆས་ཆེད་དུ་མ་དངུལ་མང་ཙམ་ཞིག་གནང་རྒྱུའི་རེ་བ་རྒྱག་གི་ཡོད་ཅེས་གསུངས་འདུག་་

སོ་ལོ་མོན་གླིང་ཕྲན་གྱིས་རྒྱ་ནག་དང་མཉམ་དུ་བདེ་འཇགས་གྲོས་མཐུན་བཞག་རྗེས། ཆེད་མཁས་པ་མང་པོས་ཨོ་སི་ཊོ་ལི་ཡའི་ཕྱི་རྒྱལ་གྱི་སྲིད་ཇུས་ནང་རྒྱལ་ཁབ་གཞན་ལ་རོགས་རམ་ཐད་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

སོ་ལོ་མན་གླིང་ཕྲན་གྱིས་རྒྱ་ནག་དང་མཉམ་དུ་གྲོས་མཐུན་བཞག་རྗེས་རྒྱལ་ཁབ་དེར་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད། 

ཡང་ཁོང་གིས། ངའི་བསམས་པར་ངེས་གཏན་མེད་པའི་ཚོར་སྣང་ཞིག་ཡོང་གིན་འདུག མ་འོངས་པར་གནས་སྟངས་གང་འདྲ་ཞིག་ཆགས་རྒྱུ་ཡིན་མིན་བཤད་ཚོད་ཐིག་གི་མི་འདུག འོན་ཀྱང་དུས་ཚོད་ཀྱིས་ཁ་གྲགས་ཡོང་གི་རེད། བཀོད་སྒྲིག་འདི་མ་འོངས་པར་གང་འདྲ་བྱེད་ནས་མཇུག་སྒྲིལ་རྒྱུ་ཡིན་མིན་ཤེས་ཀྱི་མི་འདུག་ཅེས་གསུངས་འདུག

 ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་ནང་ཨོ་སི་ཊོ་ལི་ཡས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་གྱི་མ་དངུལ་ལོ་རྒྱུས་རང་བཞིན་གྱིས་ཇེ་ཉུང་དུ་ཕྱིན་ཡོད་འདུག  

 རོགས་དངུལ་ཡིག་ཆར་ལྟར་ན་ཕྱི་ལོ་ ༢༠༢༠ ནང་ཨོ་སི་ཊོ་ལི་ཡས་རྒྱལ་ཡོངས་ཀྱི་ཡོང་འབབ་ཨོ་སྒོར་ Dollar ༡༠༠ ཡི་ནང་རོགས་དངུལ་སན་ཊི་ Cents ༡༩ མ་གཏོགས་ཕྱི་རྒྱལ་ལ་རོགས་དངུལ་གཏོང་གི་མེད་པ་དང་། དེ་ཡང་ཕྱི་ལོ་ ༢༠༡༡ ལོར་ངལ་རྩོལ་ཚོགས་པ་ Labor གཞུང་འཛིན་ཡིན་སྐབས་དང་བསྡུར་ན་སྐབས་དེར་ཨོ་སྒོར་ ༡༠༠ ནས་སན་ཊི་ Cents ༣༣ ཕྱི་རྒྱལ་ལ་རོགས་དངུལ་གཏོང་གི་ཡོད་འདུག

 ཕྱི་ལོ་ ༢༠༡༧ ལོར་ཨོ་སི་ཊོ་ལི་ཡའི་བདེ་འཇགས་དམག་དཔུང་སོ་ལོ་མོན་གླིང་ཕྲན་ནས་ཐོན་རྗེས་རོགས་དངུལ་ཡང་སྤྲོད་རྒྱུ་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༠༣ ནས་ ༢༠༡༧ བར་ལོ་ངོ་ ༡༣ ཙམ་གྱི་རིང་སོ་ལོ་མོན་གླིང་ཕྲན་ནང་ཨོ་སི་ཊོ་ལི་ཡའི་བདེ་འཇགས་དམག་དཔུང་༧༢༠༠ དང་ཉེན་རྟོག་པ་ ༡༧༠༠ ཙམ་བཞག་མྱོངས་ཡོད་པ་རེད། 

Mark Cubit ལགས་ནི་ཨོ་སི་ཊོ་ལི་ཡའི་རྒྱལ་སྤྱི་ཡར་རྒྱས་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་གྱི་གྲས་ཤིག་ཡིན་པ་རེད། 

ཁོང་གིས་སྒོར་མོ་སྐོར་ལ་བཤད་ན་འོས་བསྡུ་མ་བྱས་སྔོན་ལ་ང་ཚོའི་ནང་ལོག་ལ་དཔྱ་ཁྲལ་ཆགས་ཡངས་བཏང་བ་སོགས་བྱས་ཀྱང་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་ང་ཚོ་སོ་སོ་ལས་སྐྱོ་བ་ཡོད་པས་གལ་སྲིད་ང་ཚོས་དེ་ཚོ་ལ་རོགས་དངུལ་སྤྲད་མ་ཐུབ་ཚེ་ང་ཚོའི་ཤུགས་རྐྱེན་ཡལ་འགྲོ་རྒྱུ་རེད་ཅེས་གསུངས་འདུག 

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་ནི་སོ་ལོ་མོན་གླིང་ཕྲན་ལ་རོགས་དངུལ་སྤྲོད་མཁན་གྱི་ཨང་རིམ་ ༢༤ པ་དེ་ཆགས་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པས་ཕྱི་རྒྱལ་ལ་རོགས་དངུལ་ཡར་སྤར་ནས་མ་འོངས་ལོ་བཞིའི་ནང་ཨོ་སྒོར་ས་ཡ་ ༥༢༥ ཙམ་སྤྲད་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་འདུག དེ་དང་ཆབས་ཅིག་ Mark Cubit ལགས་ཀྱིས་ཕྱི་རྒྱལ་ལ་རོགས་དངུལ་སྲ་བརྟན་ཞིག་བཟོ་བར་ཨོ་སྒོར་ཐེར་འབུམ་ ༤ ཙམ་དགོས་ཀྱི་ཡོད་སྐོར་བརྗོད་འདུག འོན་ཀྱང་ཨོ་སི་ཊོ་ལི་ཡས་མ་འོངས་ལོ་ ༢ ནང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་སྔོན་འགོག་རོགས་རམ་ཆེད་ཁྱོན་ཨོ་སྒོར་ས་ཡ་ ༣༠༤ ཡི་རོགས་དངུལ་སྤྲོད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད།

སི་ཀོ་ཊི་མོ་རེ་སོན་གཞུང་གིས་བསམ་བློ་འཁྱེར་ཕྱོགས་དེ་མུ་མཐུད་ནས་འགྲོ་བཞིན་ཡོད་པ་དང་གཞུང་གིས་རོགས་དངུལ་བརྒྱ་ཆ་ ༢་༥ ཙམ་ཡར་སྤར་བ་དེས་ད་དུང་འདང་ངེས་ཤིག་ཆགས་ཀྱི་རེད་ཅེས་གསུངས་འདུག 

Alex Dayant ལགས་ནི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སོགས་དབྱེ་ཞིབ་བྱེད་མཁན་གྱི་ཚོགས་པ་ Lowy Institute ཡི་ཉམས་ཞིབ་པ་ཞིག་རེད། ཁོང་གིས་ཨོ་སི་ཊོ་ལི་ཡས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛིན་ཕྱོགས་ཐད་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག 

ཁོང་གིས་ང་ཚོས་ཁྱིམ་མཚམས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་ལས་གཞན་པའི་དཔལ་འབྱོར་མཉམ་འབྲེལ་དང་། གླིང་ཕྲན་གྱི་མི་རྣམས་ལ་ལས་ཀའི་གོ་སྐབས་སྒོ་ཕྱེ་དགོས་པ་རེད་ཅེས་གསུངས་འདུག 

རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཨོ་སི་ཊོ་ལི་ཡའི་མ་འོངས་པའི་བདེ་འཇགས་དང་དཔལ་འབྱོར་ལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་དམ་བཟང་དང་ཤུགས་རྐྱེན་ངེས་ཅན་ཡོད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་གཅིག་མཚུངས་སུ་བརྗོད་བཞིན་ཡོད་པ་རེད།


Share