ཆབ་སྲིད་ཚོགས་པ་ཁག་གིས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ལྟེ་གནས་དང་ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་ Lingiari ཁུལ་ནས་འོས་ཤོག་ཐོབ་རྒྱུའི་རེ་བ་ཆེན་པོ་རྒྱག་གི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་ཉེ་ཆར་སིཌ་ནིང་ནང་ཡི་ཤུ་བསྐྱར་གསོའི་དུས་ཆེན་ Easter ལ་མཉམ་ཞུགས་བྱས་རྗེས་ཨོ་སི་ཊོ་ལི་ཡའི་བྱང་ཁུལ་མངའ་སྡེའི་ནང་འོས་བསྡུ་ལས་འགུལ་སྤེལ་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་བྱང་ཁུལ་མངའ་སྡེའི་ནང་འོས་ཤོག་དྲིལ་བསྒྲགས་སྐབས། ཁོང་གིས་ས་གནས་དེར་ལས་ཀའི་གོ་སྐབས་མང་དུ་བསྐྲུན་རྒྱུ་དང་། ཁྲིམས་འགལ་ནག་ཉེས་གསོག་མཁན་ཉུང་དུ་གཏོང་ཐབས། གཞན་ཡང་སེམས་ཁམས་འཕྲོད་བསྟེན་བཅས་ཀྱི་ཆེད་དུ་མ་དངུལ་ཨོ་སྒོར་ས་ཡ་ ༡༤ ཙམ་གཏང་རྒྱུུ་ཡིན་སྐོར་དང་། སི་ཀོ་ཊི་མོ་རེ་སོ་མཆོག་ནི་གུ་ཡངས་ Libreal ཆབ་སྲིད་ཚོགས་པ་ནས་ཡིན་ཞིང་། ད་ལྟའི་ཆར་བྱང་ཁུལ་མངའ་སྡེའི་ནང་འོས་བསྡུ་ཆེད་ས་གནས་གལ་ཆེན་ཆགས་ཡོད་པའི་ལི་གྷི་རེ་ Ligiari དེའི་གྲོས་ཚོགས་འཐུས་མི་ནི། ངལ་རྩོལ་ཚོགས་པ་ Labor གྱི་གྲོས་ཚོགས་འཐུས་མི་ཝ་རན་སི་ནོ་ཌན་ Warren Snowden ལགས་ཆགས་བསྡད་ཡོད་འདུག
སི་ཀོ་ཊིར་མོ་རེ་སོན་མཆོག་ལ་ས་གནས་ཀྱི་གནས་སྟངས་དེ་སྔོན་ནས་ཤེས་རྟོགས་མེད་པའི་སྐྱོན་བརྗོད་བྱུང་རྗེས། ཁོང་གིས་མ་འོངས་པར་ས་གནས་ཡར་རྒྱས་གཏོང་ཕྱོགས་ཐད་གུ་ཡངས་ཚོགས་པའི་འོས་མི་ལྕམ་ཇཱ་སན་ཏཱ་ Jacinta Price དང་མཉམ་དུ་ལས་ཀ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
སི་ཀོ་ཊི་མོ་རེ་སོན་མཆོག་གིས། ལས་འཆར་དེ་ནི་སྤྱི་ཚོགས་ནང་ཉེས་དོན་གྱི་གནས་ཚུལ་སྔོན་འགོག་དང་། སྤྱོད་ངན་ཉུང་དུ་གཏོང་ཐབས་བཅས་ཡིན་ཞིང་། དེ་ནི་ཁ་ཡོད་ལག་ཡོད་ཀྱི་ལས་དོན་ཞིག་དང་གདོང་ལེན་ཆེན་པོ་བྱེད་དགོས་པའི་གནས་དོན་ཞིག་ཀྱང་ཆགས་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པའི་ངོས་ནས་གཞུང་འཛིན་ཆགས་ཚེ་ས་གནས་དེར་གདོད་མའི་མི་རིགས་ཀྱི་འཕྲོད་བསྟེན་ཆེད་ལས་ཀ་བྱེད་མཁན་ལས་བྱེད་ ༥༠༠ ཙམ་སྤར་རྒྱུ་ཡིན་སྐོར་དང་། གཞན་ཡང་ཁྲག་གཙང་བཟོ་དང་། སྙིང་ནད་སྨན་བཅོས་སོགས་ཀྱི་ཐད་ལས་དོན་སྤེལ་རྒྱུ་ཡིན་སྐོར་ཁས་ལེན་བྱེད་བཞིན་ཡོད་འདུག
ཁོང་ཚོས་མཁལ་མའི་ན་ཚ་སྨན་བཅོས་དང་ཁྲག་གཙང་བཟོ་ཆེད་སྨན་བཅོས་ཁང་ ༣༠ ཙམ་གསར་པ་སྒོ་ཕྱེ་རྒྱུ་དང་། ད་དུང་སྙིང་གི་ན་ཚ་སྨན་བཅོས་དང་སྔོན་འགོག་སོགས་ཀྱི་ཆེད་དབུས་གཞུང་གིས་འགྲོ་གྲོན་ལས་ལྡབ་གཅིག་སྤར་རྒྱུ་ཡིན་སྐོར་བརྗོད་འདུག
ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཕི་ནིང་ཝོང་ Penny Wong ལགས་ཀྱིས་ཁོ་མོའི་ཆབ་སྲིད་ཚོགས་པས་ས་ཆ་ཁུག་ལུང་ཁུག་དེ་ཚོའི་ནང་འཐུང་ཆུ་ཆེད་ཨོ་སྒོར་ས་ཡ་ ༡༥ ཙམ་འགྲོ་གྲོན་གཏང་རྒྱུ་ཡིན་སྐོར་དང་། གཞན་ཡང་ས་གནས་དེ་ཚོར་ཁྲག་གཙང་བཟོའི་བྱེད་སའི་སྨན་བཅོས་ཁང་ཐོག་མ་དེ་ཆགས་རྒྱུ་ཡིན་སྐོར་ཡང་བརྗོད་འདུག
ཁོ་མོས་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་སྟེ་གདོད་མའི་མི་རིགས་རྣམས་སྙིང་གི་ན་ཚའི་རྐྱེན་པས་འདས་གྲོངས་སུ་འགྲོ་མཁན་མང་པོ་ཆགས་ཀྱི་ཡོད་པ་དང་། ད་དུང་མཁལ་མ་ནད་ཀྱིས་རྐྱེན་པས་འདས་གྲོངས་སུ་འགྲོ་མཁན་ལྡབ་ ༤ ཙམ་ཆགས་ཀྱི་འདུག མ་ཚད་གཞོན་སྐྱེས་ནང་རང་སྲོག་གཅོད་མཁན་གྱི་གྲངས་འབོར་གཞན་དང་བསྡུར་ན་ལྡབ་གཅིག་ཙམ་ཆགས་ཀྱི་འདུག གལ་སྲིད་ས་ཆ་འདི་ལ་ལུང་པ་འདིའི་མི་རིགས་དང་པོ་དང་ཚོགས་སྡེ་དང་པོ་དེ་ནས་སྲིད་བློན་ཞིག་བྱུང་བ་ཡིན་ན། ཨོ་སི་ཊོ་ལི་ཡའི་མི་ཚང་མའི་ཆེད་དུ་ཁས་ལེན་དང་ལས་དོན་སྒྲུབ་ངེས་རེད་ཅེས་གསུངས་འདུག
སི་ཀོ་ཊི་མོ་རེས་སོན་མཆོག་གིས་ཁོང་གི་ཆབ་སྲིད་ཚོགས་པ་བསྐྱར་དུ་འོས་འདེམས་བྱེད་དགོས་པ་དང་། དཔྱ་ཁྲལ་མི་སྤར་རྒྱུ་དང་དཔྱ་ཁྲལ་ཐད་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
སི་ཀོ་ཊི་མོ་རེ་སོན་མཆོག་གིས་ང་ཚོས་དཔྱ་ཁྲལ་སྤར་འཆར་མེད་པའི་ཁས་ལེན་དམ་བཅའ་དེ་ནི་འགྱུར་བ་མེད་པ་ཞིག་ཡིན། དེས་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་མཁན་ས་ཡ་མང་པོ་དང་། རྒན་ཡོལ་དུ་ཕེབས་མཁན། ད་དུང་ཚོང་ལས་ཆུང་ཁག་བཅས་ཀྱིས་སོ་སོ་བཟོས་པའི་སྒོར་མོ་མང་བ་གསོག་ཐུབ་རྒྱུའི་ཕན་ཐོགས་ཡོད་སྐོར་བརྗོད་འདུག
ཡང་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ABC གསར་ཁང་ལ། ཕྱི་རྒྱལ་གྱིས་རོགས་དངུལ་བཀག་བསྡོམས་དང་། གོ་ལའི་ཚ་དྲོད་ཀྱི་ཉེན་ཚབ། དེ་བཞིན་ཉེ་བའི་ཆར་སོ་ལོ་མོན་གླིང་ཕྲན་དང་རྒྱ་ནག་དབར་བདེ་འཇགས་ཀྱི་གྲོས་མཐུན་སོགས་ཀྱི་ཐད་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག
ཁོང་གིས་ང་ཚོས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་འཛུགས་རྒྱུ་དང་། འབྲེལ་ལམ་གོང་མཐོར་གཏོང་ནས་གོ་ལའི་ཚ་དྲོད་ཐད་ལས་དོན་སྤེལ་རྒྱུ་དང་རོགས་རེས་གོང་མཐོར་གཏོང་དགོས་པ་རེད་ཅེས་གསུངས་འདུག
དེ་དང་ཆབས་ཅིག་ཝི་ཊོ་རི་ཡའི་སྲིད་བློན་ཌ་ནལ་ཨན་ཌོར་སི་ Daniel Andrews ལགས་ཀྱིས་ཆབ་སྲིད་པ་ཚོས་མཚན་སྒྱུར་བུད་མེད་དང་ཕྲུ་གུ་བུད་མོ་རྣམས་བུད་མེད་ཀྱི་ལུས་རྩལ་ཁག་གི་ནང་མཉམ་ཞུགས་ཐད་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག
ཁོང་གིས་འདས་པའི་ལོ་ངོ་ ༢༠ ནང་ཝི་ཊོ་རི་ཡི་གྲོས་ཚོགས་ནང་ཕ་མ་དང་དགེ་རྒན་སུ་ཞིག་གིས་ཀྱང་མཚན་སྒྱུར་ཕྲུ་གུ་རྣམས་རྩེད་རིགས་རུ་ཁག་ཁག་གི་ནང་མཉམ་ཞུགས་ཐད་གླེང་སློང་བྱེད་མཁན་སུ་ཡང་མི་འདུག་ཅེས་གསུངས་འདུག
ཁོང་གིས་མཚན་འགྱུར་ཕྲུ་གུ་དེ་ཚོ་ཕྲུ་གུ་གཞན་དག་ལས་ཀྱང་ལྡབ་ ༡༥ ཙམ་སོ་སོའི་སོ་སོར་མནར་གཅོད་མྱོང་གི་ཡོད་པ་དང་། ད་ལྟའི་ཆར་འདིའི་ཐད་བསམ་བློ་གཏོང་མཁན་དང་གླེང་སློང་བྱེད་མཁན་སུ་ཡང་མི་འདུག དཀའ་ངལ་འདི་སེལ་ཐབས་སུ་ང་ཚོས་ཐབས་ཤེས་གཏོང་གི་ཡོད་པ་རེད། ངའི་བསམས་པར་ཝི་ཊོ་རི་ཡའི་གཞོན་སྐྱེས་འདི་དག་གི་ཆེད་དུ་གླེང་སློང་བྱེད་མཁན་མི་འདུག་ཅེས་གསུངས་འདུག
ས་གནས་ཀྱི་མིང་གསང་བ་བྱས་པའི་ Katherine Deves ལགས་ཀྱིས། ཁོ་མོ་དེ་སྔོན་གྱད་རྩལ་འགྲན་བསྡུར་གྱི་རྩེད་རིགས་ཤིག་སྐོར་རྩོད་རྙོག་ལས་ཁོ་མོ་ལ་གསོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་འབྱོར་ཡོད་སྐོར་ SBS གསར་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་དང་། གནས་ཚུལ་དེའི་རྐྱེན་པས་ཁོ་མོའི་ནང་མི་རྣམས་བདེ་འཇགས་ཀྱི་ཉེན་ཁ་ལ་ཞེད་ནས་སིཌ་ནིང་ནས་ཐོན་འགྲོ་དགོས་བྱུང་ཡོད་སྐོར་བརྗོད་འདུག
ལྕམ་ Ms Deves ལགས་ཀྱིས་མི་མང་གིས་ཁོང་ལ་ཡ་ལན་སློག་པའི་གནས་སྟངས་དེར་རྩོད་པ་བརྒྱབ་པ་ནི་ཕན་ཐོགས་ཡོད་པའི་བགྲོ་གླེང་ཆགས་ཀྱི་མེད་པ་ངོས་འཛིན་བྱུང་ཡོད་སྐོར་བརྗོད་འདུག འོན་ཀྱང་ཁོ་མོ་ལ་ཐོབ་ཐང་ཡོད་པའི་ལྟ་ཚུལ་དེར་འགྲེལ་བརྗོད་བྱ་རྒྱུར་ཚོགས་སྡེ་འདྲ་མིན་ནས་རོགས་རམ་རྒྱབ་སྐྱོར་གནང་གི་ཡོད་སྐོར་ཡང་བརྗོད་འདུག