དབུས་འཕྲོད་བསྟེན་བློན་ཆེན་མར་ཁུ་བྷོ་ལིར་ (Mark Butler) གྱིས་ད་ལྟའི་དུས་སུ་གཞུང་གི་འཕྲོད་བསྟེན་ལྟ་སྐྱོང་དེ་ཧ་ཅང་གནས་སྟངས་སྐྱོ་བོ་ཞིག་གི་འོག་ཏུ་ལྷུང་ཡོད་པ་བརྗོད་ཡོད་པ་དང་། མ་འོངས་པར་གཞི་རིམ་གྱི་འཕྲོད་བསྟེན་སྨན་ཁང་ལ་བསྒྱུར་བཅོས་བྱེད་སྲིད་པ་ཁོང་གི་སྐད་ཆའི་ཤུགས་ནས་བསྟན་ཡོད་པ་རེད།
ཡུན་རིང་ཞིག་ནས་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྟ་སྐྱོང་གི་སྒྲོམ་གཞི་ཡི་ཐད་ལ་གླེང་སློང་དང་བགྲོ་གླེང་མང་པོ་བྱུང་ཡོད་པ་རེད།
འོན་ཀྱང་། ད་ལྟ། དབུས་གཞུང་གིས་གཞི་རྒྱ་ཆེ་བའི་བསྐྱར་ཞིབ་ཞིག་བྱེད་ཡོད་པ་དང་། དེ་ལ་འགྱུར་བ་མང་པོ་ཞིག་ཐེབས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཐེངས་འདིའི་བསྐྱར་ཞིབ་ནི་འདས་པའི་ལོ་ངོ་ ༤༠ ཡི་ནང་གི་བསྐྱར་ཞིབ་ཆེ་ཤོས་དེ་ཡིན་པ་དང་། མ་འོངས་པར་ཨོ་སི་ཊོ་ལི་ཡའི་གཞི་རིམ་འཕྲོད་བསྟེན་སྨན་ཁང་གི་ནང་། སྨན་ཞབས་པ་དང་ཛ་དྲག་མྱུར་སྐྱོབ་པ། དེ་མིན་སེམས་ཁམས་ཁྱད་ལས་པ་དང་། ཟས་བཅུད་ཁྱད་ལས་པ་སོགས་ཀྱི་ཁྱད་ལས་ཀྱི་ལས་རིགས་ཇེ་མང་དུ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཇེ་ལེགས་ལ་གཏོང་ཐབས་སུ་ད་ལྟའི་དུས་ལ་དབུས་ངལ་རྩོལ་ཚོགས་པས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare འོག་ཏུ་ཁྱད་ལས་པའི་ལས་རིགས་ཇེ་མང་དུ་གཏོང་བ་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
སྲིད་བློན་ཨན་ཐོ་ནེ་ཨལ་བྷ་ནཱི་སི་ (Anthony Albanese) ཡིས། ད་ལྟའི་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare གི་སྒྲོམ་གཞིའི་འོག ནད་པ་ཚོའི་དགོས་མཁོ་ཁག་སྐོང་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།
དེའི་ཐད་ཁོང་གིས། ད་ལྟ་ཡོད་པའི་ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare གི་སྒྲོམ་གཞི་འདི་ཡིས། ནད་པའི་དགོས་མཁོ་བསྐོང་ཐུབ་ཀྱི་མེད་པའི་དཀའ་ངལ་ཡོད་པ་ངོས་འཛིན་བྱུང་ཡོད་པ་རེད། ནད་པ་མང་པོ་ཞིག་ཛ་དྲག་སྨན་ཁང་ལ་མི་ཡོང་ཐབས་མེད་ཆགས་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི། ཁོང་ཚོས་ས་གནས་གཞི་རིམ་སྨན་ཁང་ལ་བསྟེན་ཐུབ་ཀྱི་མེད་པ་དང་། གཞི་རིམ་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ཁ་དེ་ས་གནས་སུ་ཐོབ་ཀྱི་མེད་པས་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།
འདས་པའི་ཟླ་ཤས་རིང་། དབུས་གཞུང་གིས་འཕྲོད་བསྟེན་གྱི་ཚོགས་པ་དང་ནད་པའི་བདེ་སྡུག་ཞུ་གཏུག་ལས་འགུལ་བ་ཚོ་དང་མཉམ་དུ། ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare འཐུས་སྒོ་ཇེ་ཚང་དུ་གཏོང་ཐབས་ལ་ལས་ཀ་བྱེད་བཞིན་ཡོད་པ་རེད་ལ། དེར་ཚོགས་ཆུང་ཞིག་ཀྱང་ཆེད་དུ་བཙུགས་ཡོད་པ་རེད།
ཚོགས་ཆུང་དེའི་སྙན་ཐོ་ཞིག་མ་འོངས་པའི་བདུན་ཕྲག་འགའི་ནང་འདོན་ཐུབ་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།
དབུས་འཕྲོད་བསྟེན་བློན་ཆེན་མར་ཁུ་བྷོ་ལིར་ (Mark Butler) གྱིས་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ལ་གཞི་རྒྱ་ཆེ་བའི་འགྱུར་བ་ཞིག་ཐེབས་སྲིད་སྐོར་བརྗོད་ཡོད་པ་རེད།
ཁོང་གིས། འདས་པའི་ལོ་ངོ་བཞི་བཅུའི་རིང་། གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དེ་ནི་ནད་པར་ཞབས་ཞུ་བྱས་པའི་གླ་ཆ་སྤྲོད་མཁན་གྱི་སྒྲོམ་གཞི་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། སྒྲོམ་གཞི་དེ་ནི་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་མཉམ་རུབ་བྱས་ཏེ་རོགས་དངུལ་སྤྲོད་པ་ཞིག་དང་། ཁྱད་ལས་པའི་ལས་རིགས་སྣ་མང་ཡོད་པ་ཞིག ལྷག་པར་དུ་ལོ་ན་མཐོ་བ་དང་བཅོས་ཐབས་དཀའ་ཞིང་རྒྱུན་རིང་ནད་ཀྱིས་མནར་བའི་ནད་པ་ལྟ་བུ་ལ་རོགས་དངུལ་ཇེ་མང་ལ་གཏོང་བའི་སྒྲོམ་གཞི་ཞིག་ལ་འགྱུར་བ་གཏོང་དགོས་པའི་ལྟ་ཚུལ་འཛིན་མཁན་ཡོད་པ་དེ་གནས་ཚུལ་གསར་པ་ཞིག་མ་རེད། དེའི་ཐད་ལོ་མང་པོའི་རིང་གྲོས་བསྡུར་བྱས་ཡོད་པ་རེད། ཐེངས་སྔོན་མར་ང་ཚོ་གཞུང་འཛིན་སྲིད་གཞུང་ཡིན་སྐབས། ང་ཚོས་དེའི་ཐོག་ལ་ཚོད་ལྟའི་ལས་གཞི་ཞིག་ཀྱང་སྤེལ་ཡོད་པ་དང་། སྐབས་དེར་ང་ཚོས་མངར་མོ་ན་ཚའི་ཐོག་ལ་དམིགས་བསལ་གྱིས་ཤུགས་བརྒྱབ་ཡོད་པ་རེད། ཅེས་བརྗོད་ཡོད་པ་རེད།
དབུས་དང་མངའ་སྡེ་གཞུང་གཉིས་མཉམ་རུབ་ཀྱིས་རོགས་དངུལ་སྤྲོད་པའི་འཕྲོད་བསྟེན་ལྟ་སྐྱོང་གི་སྒྲོམ་གཞི་གསར་པ་དེའི་ནང་། སྨན་ཁང་ཆེན་པོ་དང་ཛ་དྲག་སྨན་ཁང་གི་ནད་པ་ཇེ་ཉུང་ལ་གཏོང་ཐབས་སུ་ས་གནས་སྨན་ཁང་ནང་དུ་སྨན་ཞབས་པ་དང་། སྨན་སྤྲོད་མཁན། ཛ་དྲག་མྱུར་སྐྱོབ་པ་སོགས་ཀྱི་ཁྱད་ལས་ལས་རིགས་ཇེ་མང་གཏོང་སྲིད་པ་རེད།
ཨོ་སི་ཊོ་ལི་ཡའི་གཞི་རིམ་འཕྲོད་བསྟེན་དང་འབྲེལ་ནས་སྲིད་བློན་ཨན་ཐོ་ནེ་ཨལ་བྷ་ནཱི་སི་ (Anthony Albanese) ཡིས། ང་ཚོས་ཨོ་སི་ཊོ་ལི་ཡའི་གཞི་རིམ་གྱི་འཕྲོད་བསྟེན་ལྟ་སྐྱོང་ལ་བཟོ་བཅོས་ཤིག་བརྒྱག་དགོས་པ་མཐོང་གི་འདུག དེའི་རྒྱུ་མཚན་ནི། གལ་སྲིད། ནད་པ་ཞིག་ལ་གཞི་རིམ་གྱི་འཕྲོད་བསྟེན་ལྟ་སྐྱོང་མ་རེག་ཚེ། ནད་པ་དེའི་འགྲོ་སོང་ཇེ་མང་ནས་ཇེ་མང་ལ་འགྲོ་བ་རེད། དཔེར་ན། གལ་སྲིད། ནད་པ་ཞིག་གིས་འཕྲལ་དུ་སྨན་པ་ལ་བསྟེན་དགོས་བྱུང་ནའང་སྨན་པར་བསྟེན་མ་ཐུབ་ཚེ། ཁོང་གི་ན་ཚ་ཇེ་ལྗིད་ལ་སོང་ནས་སྨན་ཁང་ལ་ལྷུང་འགྲོ་བ་དང་། མཐའ་མ་དེར་ཛ་དྲག་སྨན་ཁང་ནང་ལ་འགྲོ་དགོས་པ་རེད། ནད་པ་དེའི་ན་ཚ་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་བ་ལ་བརྟེན་ནས་འགྲོ་སོང་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བ་རེད། ཅེས་བརྗོད་བྱུང་།
བྷི་རོ་སི་ཝེ་ལི་ཊི་ (Bruce Willett) ནི་རའོ་ཡལ་ཨོ་སི་ཊོ་ལི་ཡ་སློབ་ཆེན་ (Royal Australian College) གྱི་ས་གནས་སྨན་པ་ཡིན་པ་དང་། ཁོང་གིས། ས་གནས་སྨན་ཁང་ནང་སྨན་ཞབས་པ་དང་སྨན་སྤྲོད་མཁན་སོགས་ཀྱི་ལས་རིགས་སྨན་པ་དང་ཁ་ཁ་བྱས་ཚེ་སོ་སོའི་ལས་ཀ་ཡག་པོ་བྱེད་ཐུབ་པ་རེད། དེ་ལ་བརྟེན་ནས་ལས་རིགས་སོ་སོས་ལས་རིགས་དེ་དང་འབྲེལ་བའི་ཡིག་ཚགས་ཁག་ཉར་ཐུབ་པ་མ་ཟད། ལས་ཀ་གང་བྱས་ཡོད་པ་དང་གང་བྱས་མེད་པ་ཤེས་སླ་བ་རེད། དེ་ནི་ལས་ཀ་ཚགས་ཚུད་པོ་བྱེད་ཐབས་ཤིག་རེད། ཅེས་བརྗོད་བྱུང་།
ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare ལ་སྐྱོན་ཆ་ཡོད་པའི་རྟགས་གཞན་ཞིག་ནི་གཞུང་གི་ཆེད་བཅག་ཡོད་པའི་སྨན་ཁང་ཇེ་ཉུང་ལ་འགྲོ་བཞིན་ཡོད་པ་དེ་རེད།
ས་གནས་མང་པོ་ཞིག་གི་ནང་། གཞུང་གི་ཆེད་བཅག་ཡོད་པའི་སྨན་ཁང་རྙེད་རྒྱུ་ཇེ་དཀའ་ནས་ཇེ་དཀའ་རུ་འགྱུར་བཞིན་ཡོད་སྟབས། སྨན་བཅོས་ཀྱི་འགྲོ་སོང་རང་ཉིད་ཀྱི་ཁུག་མ་ནས་གཏོང་དགོས་པའི་གནས་སྟངས་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡ་འཕྲོད་བསྟེན་ཚོགས་པའི་སྨན་པ་ཌན་ནལ་མེག་མའོ་ལན་ (Danielle McMullen) གྱིས། མི་མང་པོ་ཞིག་ལ་འཕྲལ་སེལ་གྱི་རོགས་དངུལ་ཛ་དྲག་གི་དགོས་སྐོར་བརྗོད་བྱུང་།
ཁོང་གིས། དཀའ་ངལ་དེ་དག་སེལ་བ་ལ་ཐབས་ལམ་མི་འདྲ་བ་མང་པོ་ཞིག་སྤུངས་ཡོད་ནའང་། ཡོང་སྒོ་ཉུང་བ་ལ་བརྟེན་ནས་སྨན་པ་ལ་བསྟེན་ཐུབ་ཀྱི་མེད་པའི་ནད་པ་ཚོའི་ཆེད་དུ་འཕྲལ་སེལ་གྱི་རོགས་དངུལ་ཛ་དྲག་གི་དགོས་ཀྱི་འདུག མ་མཐར་ཡང་། གཞུང་གི་ཆེད་བཅག་གི་སྨན་རིན་དེ་ཧ་ཅང་མཁོ་བའི་ནད་པ་དེ་ཚོར་ཐོབ་ཐབས་བྱེད་དགོས་པ་རེད། ཅེས་བརྗོད་བྱུང་།
འོན་ཀྱང་། མཐའ་མའི་ཐག་གཅོད་དེ་ཕྱི་ཟླ་ ༥ པའི་ནང་དབུས་གཞུང་གི་གྲོས་ཚོགས་ཀྱི་སྔོན་རྩིས་སྐབས་གཏན་འབེབ་བྱེད་པ་རེད།