འདི་ལོའི་སྐྱབས་བཅོལ་བའི་བདུན་ཕྲག་སྲུང་བརྩི་སྐབས་ཀྱི་བརྗོད་གཞི་ནི་ Healing ( དྲག་སྐྱེད་) ཅེས་པ་དེ་ཡིན།
ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་པ་དེ་རྒྱུན་དུ་ཕྱི་ཟླ་ ༦ ཚེས་ ༢༠ འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་ཐེ་བའི་རེས་གཟའ་ཉི་མ་ནས་རེས་གཟའ་སྤེན་པ་བར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོའི་སྐྱབས་བཅོལ་བའི་བདུན་ཕྲག་དེ་ཕྱི་ཟླ་ ༦ ཚེས་ ༡༩ རེས་གཟའ་ཉི་མ་ནས་ཕྱི་ཟླ་ ༦ ཚེས་ ༢༥ རེས་གཟའ་སྤེན་པ་བར་སྲུང་བརྩི་བྱ་རྒྱུ་ཡིན་པ་རེད།
སྐྱབས་བཅོལ་བའི་བདུན་ཕྲག་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་སིཌ་ནིང་ནང་ Austcare ཞེས་པའི་ཚོགས་པ་དེས་གོ་སྒྲིག་བྱས་པ་ཞིག་རེད། ཕྱི་ལོ་ ༡༩༨༧ ལོར་ RCOA ཞེས་ཨོ་སི་ཊོ་ལི་ཡའི་སྐྱབས་བཅོལ་བའི་བདེ་དོན་ལྷན་ཁང་གིས་མཉམ་དུ་གོ་སྒྲིག་སྲུང་བརྩི་བྱས་འདུག
དེ་ནས་བཟུང་སྲུང་བརྩི་བྱེད་སྒོ་དེ་རྒྱལ་ཡོངས་རང་བཞིན་གྱི་བྱེད་སྒོ་ཞིག་ཆགས་ཡོད་པ་དང་། ༢༠༠༤ ནས་བཟུང་སྟེ་ཨོ་སི་ཊོ་ལི་ཡའི་སྐྱབས་བཅོལ་བདེ་དོན་ལྷན་ཁང་གིས་རྒྱལ་ཡོངས་སུ་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་པའི་སྲུང་བརྩི་བྱེད་སྒོ་དེ་འབྲེལ་མཐུད་གོ་སྒྲིག་རྐང་འགན་འཁུར་གནང་གི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་སྐྱབས་བཅོལ་བདེ་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ Adama Kamara ལགས་ཀྱིས་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་པ་དེ་སྲུང་བརྩི་བྱེད་དགོས་པའི་དམིགས་ཡུལ་གཅིག་ནི་ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་བ་ཚོས་བཟང་ཕྱོགས་ཀྱི་ཞབས་འདེབས་ཕུལ་བར་དྲན་གསོ་ཆེད་ཡིན་སྐོར་བརྗོད་འདུག
ལོ་ལྟར་སྐྱབས་བཅོལ་བའི་བདུན་ཕྲག་ལ་བརྗོད་གཞི་མ་འདྲ་བ་རེར་ཡོད་པ་དང་། དེ་ནི་འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་བའི་གནས་སྟངས་དང་སྐྱབས་བཅོལ་བའི་་སྐོར་དོ་སྣང་ཡོང་ཐབས་སུ་དམིགས་པ་ཞིག་དང་། མ་ཚད་སྤྱི་ཚོགས་ནང་སྐྱབས་བཅོལ་བའ་གནས་སྟངས་དེ་གང་འདྲ་ཞིག་ཡིན་མིན་ཤེས་རྟོགས་ཆེད་དུ་ཡིན་འདུག
ལྕམ་ Kamara ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་སྐྱབས་བཅོལ་བའི་བདུན་ཕྲག་སྐབས་ཀྱི་བརྗོད་གཞི་ག་རེ་ཡིན་མིན་འགྲེལ་བརྗོད་གནང་དོན།
ཁོ་མོས་འདི་ལོའི་བརྗོད་གཞི་ནི་དབྱིན་སྐད་ནང་ Healing དང་བོད་སྐད་ནང་དྲག་སྐྱེད་ཅེས་པ་དང་དེ་རེད། དེ་ནི་འདས་པའི་ཟླ་བ་ ༡༢ ནང་འཛམ་གླིང་ཁྱོན་དུ་མི་ཚང་མས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་དགོས་བྱུང་བ་དང་། ཏོག་དབྱིབས་ནད་ཡམས་ལས་འགྲོ་བ་མིའི་དབར་འབྲེལ་བ་དང་། མཐུན་ལམ། སེམས་བཟང་གི་ལག་ལེན་ཆུང་ཆུང་ཞིག་གི་ཐོག་ནས་ཀྱང་སྤྱི་ཚོགས་ཤིག་འགྱུར་བ་ཆེན་པོ་གང་འདྲ་ཞིག་གཏོང་ཐུབ་ཀྱི་ཡོད་མེད་བསྟན་ཡོད་ཅེས་གསུངས་འདུག
སྐུ་ཞབས་ Oliver Slewa ལགས་ནི་སིཌ་ནིང་ནང་བརྟེན་གཞི་བྱས་ཡོད་པའི་ཁྲིམས་རྩོད་པ་ཞིག་དང་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་པའི་ལས་འགུལ་སྲུང་བརྩི་གོ་སྒྲིག་བྱེད་མཁན་ཞིག་རེད། ཁོང་ནི་དབྱི་རག་རྒྱལ་ཁབ་ནང་ Assyrian ཁྱིམ་ཚང་ཞིག་གི་ནང་སྐྱེས་ཤིང་། ཨ་རབ་ཀྱི་རྒྱལ་ཁབ་ཇོར་ཌན་དང་། ཊོ་ཁེས། གྷི་རི་སི་བཅས་བརྒྱུད་ནས་མཐར་ཕྱི་ལོ་ ༡༩༩༤ ལོར་ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་དུ་འབྱོར་ནས་བདེ་འཇགས་ཀྱི་འཚོ་བ་ཞིག་རོལ་ཐུབ་པ་བྱུང་།
སྐུ་ཞབས་ Slewa ལགས་ཀྱིས་ང་རང་ཊོ་ཁེས་དང་གྷི་རི་སི་དབར་ཉིན་གྲངས་ ༤༠ ཙམ་གྱི་རིང་གྲུའི་ནང་བསྡད་ནས་ཡོང་བ་ཡིན། ང་ནི་གྲུ་དེའི་ནང་ལོ་ན་ཆུང་ཤོས་དེ་ཡིན། གནས་ཚུལ་ཁ་ཤས་ལས་ཆ་ཚང་ཞིག་དྲན་སོས་ཀྱི་མི་འདུག རང་ཉིད་ཨོ་སི་ཊོ་ལི་ཡའི་ཕྱོགས་སུ་གོམ་པ་སྤོས་པ་ནས་བཟུང་སྟེ་གནས་ཚུལ་དེ་དག་ཕྱིར་དྲན་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
ཡང་སྐུ་ཞབས་ Slewa ལགས་ཀྱིས་ཐེངས་འདིའི་སྐྱབས་བཅོལ་བའི་བདུན་ཕྲག་གྱི་བརྗོད་གཞི་དེའི་ཐོག་ནས་འདས་པའི་མི་ཚེའི་དཀའ་ཁག་དེ་དག་ཕན་ཚུན་རྒྱུས་ལོན་གྱི་ཐོག་ནས་ཕན་ཚུན་སློབ་སྦྱོང་དང་མ་འོངས་པར་མདུན་བསྐྱོད་བྱེད་དགོས་པ་དང་། གོམ་པ་དང་པོ་དེ་མི་གཞན་དང་སྐད་ཆ་ཤོད་རྒྱུ་དེ་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་སྐྱབས་བཅོལ་བདེ་དོན་ལྷན་ཁང་གིས་གོ་སྒྲིག་གནང་བའི་སྐྱབས་བཅོལ་བའི་བདུན་ཕྲག་དེའི་སྐབས་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་འདུག
སྐབས་དེར་སྐྱབས་བཅོལ་བ་ཚོ་དང་ཐུག་འཕྲད་ཀྱིས་སྐད་ཆ་ཤོད་རྒྱུ་དང་། གཞན་ཡང་ཨོ་སི་ཊོ་ལི་ཡའི་སྐྱབས་བཅོལ་བདེ་དོན་ལྷན་ཁང་གི་མི་སྣ་དང་སྐུ་ཚབ་བཅས་ནས་ཟབ་སྦྱོང་དང་གཏམ་བཤད་བཅས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།
སྐྱབས་བཅོལ་བའི་བདུན་ཕྲག་སྐབས་སུ་སྐྱབས་བཅོལ་བ་མི་སྒེར་གྱིས་སྐྱབས་བཅོལ་བའི་འགྲུལ་བཞུད་སྐབས་ཀྱི་ལོ་རྒྱུས་འགྲེལ་བརྗོད་དང་། སློབ་ཕྲུག་རྣམས་ལ་ཡང་སྐྱབས་བཅོལ་བའི་སྐོར་སློབ་སྦྱོང་བྱེད་པའི་གོ་སྐབས། དེ་བཞིན་སྐྱབས་བཅོལ་བ་རྣམས་ཀྱི་ཉམས་མྱོངས་དང་ཁོང་ཚོས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ལ་ཞབས་འདེབས་ཇི་ལྟར་སྒྲུབ་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་དང་མི་མང་ལ་གོ་རྟོགས་སྤེལ་གྱི་ཡོད་པ་རེད།