རང་བྱུང་ཁམས་སུ་གོམ་བགྲོད་ཀྱི་ནུས་པ་དང་ཨོ་སི་ཊོ་ལིའི་ནང་ཤིང་ནག་ཁྲོད་གོམ་བགྲོད།

Bushwalking

Source: SBS

ཨོ་སི་ཊོ་ལི་ཡའི་ནང་རང་བྱུང་ཁོར་ཡུག་གི་རྣམ་པ་སྣ་ཚོགས་དང་ས་ཆའི་ཁྱད་ཆོས་རྣམས་ལྟད་མོ་བལྟ་བར་ཤིང་ནག་ཁྲོད་ཏུ་གོམ་པ་རྒྱག་ནས་འགྲོ་རྒྱུ་ནི་ Bushwalking ( ཤིང་ཕྲན་ཚལ་དུ་གོམ་པ་རྒྱག་ནས་འགྲོ་བ་) ཐབས་ལམ་ཡག་ཤོས་ཤིག་ཆགས་ཡོད།


ཡིན་ནའང་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་དུ་འབྱོར་བའི་གཞིས་སྤོ་བ་ཚོས་དེ་ཨི་སོ་ཊི་ལི་ཡའི་ནང་རྒྱལ་ཡོངས་སྤྱི་གླིང་ཁག་དེ་ལྟ་བུའི་གཞི་རྒྱ་ཆེན་པོ་ཡོད་པ་སོགས་སེམས་ལ་འཁོར་གྱི་མེད།  

གང་ལྟར་ཁྱེད་རང་ས་ཆ་ཐག་རིང་དང་ཡང་ན་མི་མེད་ལུང་སྟོང་དེ་འདྲར་འགྲོ་སྐབས་ཁྱེད་རང་གིས་འཆར་གཞི་ཆུང་ཆུང་ཞིག་བཟོས་པ་ཡིན་ན་ཉེན་ཁ་མེད་པས་མ་ཚད་ཤིང་ནག་ནང་གོམ་པ་རྒྱག་ནས་འགྲོ་སྐབས་སྐྱིད་པོ་དང་ཁེ་ཕན་མང་པོ་ཞིག་ཡོང་གི་ཡོད།

རང་བྱུང་ཁོར་ཡུག་དང་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་བ་ནི་ཨོ་སི་ཊོ་ལི་ཡའི་ནང་དར་སྲོལ་ཆེ་བའི་གུ་ཡངས་སྤྲོ་གསེང་གི་བྱེད་སྒོ་ཞིག་ཆགས་ཡོད། ཡུལ་ལྗོངས་ཀྱི་ཁེ་ཕན་ནི་ཚད་བཀག་ཡོད་པ་ཞིག་མ་རེད་ཅེས་ Walking SA ཞེས་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཡུལ་སྐོར་སྤྲོ་འཆམ་དང་རང་བྱུང་ཁོར་ཡུག་ཁྲོད་དུ་གོམ་བགྲོད་སོགས་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགན་འཛིན་ Helen Donovan ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་རང་བྱུང་ཁོར་ཡུག་དང་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་བ་ནི་ཁྱེད་རང་གི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་ཡང་གཙོ་བོར་ལུས་པོ་བདེ་ཐང་ཆགས་ཀྱི་ཡོད་པས་མ་ཚད་སེམས་ཁམས་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད། རང་བྱུང་ཁོར་ཡུག་གིས་མིའི་སེམས་ཀྱི་ངལ་དུབ་སེལ་ཐུབ་ཀྱི་ཡོད་ཅེས་གསུངས་འདུག

སྤྱིར་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནི་འགྲོ་བ་ནི་ཉེན་ཁ་ཆུང་ཆུང་ཡིན་ཡང་། ཉེན་ཁ་ལས་སྲུང་སྐྱོབ་ཆེད་ཁྱེད་རང་གོམ་པ་རྒྱག་ནས་འགྲོ་ཁར་གྲ་སྒྲིག་དང་འཆར་གཞི་དགོས་སྐོར་གསུངས་འདུག

ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་སྐབས་སྤྱིར་བཏང་གི་ཉེན་ཁ་ཁག་ཅིག་ནི། ཁྱེད་རང་གི་ཉམས་མྱོངས་དང་ཁྱེད་རང་གི་གཟུགས་པོའི་གནས་སྟངས་དང་མ་འཚམས་པའི་ས་ཆ་དེ་འདྲར་འགྲོ་བ་དང་།  ཆུ་དང་ཟ་མ་འདང་ངེས་མ་འཁུར་བ། ད་དུང་ཁོར་ཡུག་དང་གནམ་གཤིས་སོགས་དང་མ་འཚམས་པའི་གྱོན་གོས་གྱོན་པ། འཕྲལ་དུ་མཁོའི་སྨན་བཅོས་ཀྱི་ཡོ་ཆས་མ་འཁུར་བ། འབྲེལ་བ་བྱེད་ས་ཏག་ཏག་མེད་པ་བཅས་རེད། དེར་བརྟེན་ཁྱེད་རང་གི་གལ་ཆེ་ཤོས་ཤིག་ནི་ཁྱེད་རང་ས་ཆ་དེར་ལ་འགྲོ་སྐབས་དགོས་མཁོ་ག་རེ་ཡོད་མེད་སོགས་ཉམས་ཞིབ་དང་འཆར་གཞི་བཟོ་དགོས་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་བར་གོ་སྒྲིག་གནང་མཁན་གྱི་ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ Andrew Govan ལགས་ཀྱིས་ལོ་གཅིག་གི་ནང་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་བའི་ནམ་དུས་དེ་ག་དུས་ཡིན་མིན་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་སྤྱི་གླིང་ཁག་ ༥༠༠ ཙམ་ཡོད་པ་དང་། དེའི་ནང་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་མངའ་སྡེའི་ནང་ཡོད་པའི་ Kakadu National Park ནི་སྤྱི་གླིང་ཆེ་ཤོས་དེ་ཡིན་ཞིང་། སྤྱི་གླིང་དེར་སྤྱི་ལེ་གྲུ་བཞི་མ་ ༢༠༠༠༠ ཙམ་ཡོད་པ་རེད། སྤྱི་གླིང་ཁག་གི་ཤིང་ནག་ནང་གོམ་པ་བརྒྱབ་ཚེ་ཉམས་མྱོངས་མ་འདྲ་བ་མང་པོ་ཞིག་རག་གི་ཡོད།

Amdrew Govan ལགས་ཀྱིས་ཁྱེད་རང་འགྲོ་འདོད་སའི་ས་ཆའི་རྒྱ་ཁྱོན་དང་གནས་སྟངས་སྐོར་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་ཡིན་པས་མ་ཚད། ཁྱེད་རང་ལ་ནུས་ཤུགས་ག་ཚོད་ཡོད་མེད་ཀྱང་སེམས་ལ་དྲན་དགོས་པ་རེད་ཅེས་གསུངས་འདུག

ཁོང་གིས་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་སྤྱི་གླིང་མང་ཆེ་བར་ས་ཁྲ་ཧ་ཅང་ཡག་པོ་ཡོད་པས་ཁྱེད་རང་ག་པར་འགྲོ་དགོས་མིན་བལྟ་རྒྱུ་ལས་སླ་མོ་ཡོད། དེའི་ཐོག་ནས་ཁྱེད་རང་ས་ཆ་ག་པར་འགྲོ་དགོས་མིན་འཆར་གཞི་བཟོ་ན་ཧ་ཅང་ཡག་པོ་ཡོད་པ་རེད་ཅེས་གསུངས་འདུག

ཤིང་ནག་གསེབ་ལ་མྱུར་ཞིབ་སོགས་འགྲོ་བར་དྲ་ཐོག་ནས་རྒྱུན་ཤེས་དང་གནས་ཚུལ་ངོ་སྤྲོད་མང་པོ་ཞིག་ཡོད་པ་དཔེར་ན། aussiebushwalking.com དེས་ཤིང་ནག་གསེབ་ལ་གོམ་པ་རྒྱག་ནས་འགྲོ་མཁན་ཚོར་ས་གནས་ཀྱི་མིང་དང་འགྲེལ་བཤད་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་རང་ས་གནས་ཤིག་ལ་འགྲོ་གཏན་འཁེལ་ཚེ་མི་གཞན་ལ་དེའི་སྐོར་བརྡ་ལན་སྤྲད་དགོས་པ་དེ་ཡང་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཁོང་གིས་གལ་སྲིད་ཁྱེད་རང་ཤིང་ནག་གསེབ་ལ་མྱུར་ཞིབ་གོམ་པ་རྒྱག་ནས་འགྲོ་འཆར་ཡོད་ཚེ། མི་གཞན་ཞིག་ལ་ཁྱེད་རང་ས་ཆ་ག་པར་འགྲོ་རྒྱུ་མིན་མིན་དང་། ག་དུས་འགྲོ་རྒྱུ་ཡིན། ག་དུས་ཚུར་ལོག་གི་ཡིན་ཅེས་བཤད་དགོས་པས་མ་ཚད། ཁྱེད་རང་ལ་འབྲེལ་གཏུགས་བྱེད་སའི་ཞིབ་པྲ་གནས་ཚུལ་སྤྲད་དགོས་པ་རེད་ཅེས་གསུངས་འདུག

Tripintentions.org ཞེས་པའི་དྲ་ཚིགས་འདིའི་ཐོག་ལ་ཁྱེད་རང་ཤིང་ནག་ཁྲོད་དུ་གོམ་པ་རྒྱག་ནས་འགྲོ་རྒྱུའི་འཆར་གཞི་རྣམས་དྲ་ཐོག་ཏུ་འཇོག་ས་བཟོས་ཡོད་པས་མ་ཚད། ཁོང་ཚོར་ཁྱེད་རང་གི་འབྲེལ་གཏུགས་བྱེད་ས་ཡང་གཏོང་ཆོག

རྒྱུན་དུ་ཁྱེད་རང་ཤིང་ནག་གསེབ་ཏུ་གོམ་པ་རྒྱག་ནས་འགྲོ་སྐབས་མཚམས་རེར་དུས་ཚོད་ཏག་ཏག་ལ་ཕྱི་ལོག་མི་ཐུབ་པ་དེ་འདྲ་ཡོང་སྲིད་པས་ཟ་མ་དང་ཆུ་ངེས་པར་དུ་མཉམ་དུ་འཁྱེད་དགོས་ཀྱི་ཡོད་པ་རེད། མ་ཚད་ས་ཆ་ཁུག་ཀྱོག་དེ་འདྲར་འགྲོ་སྐབས་སྟབས་བདེའམ་ཉེར་མཁོའི་སྨན་བཅོས་ཡོ་ཆས་དེ་འདྲ་ཡང་མཉམ་དུ་འཁྱེར་དགོས་ཀྱི་ཡོད་པ་རེད།

གཞན་ཡང་ཚོགས་པ་ཁག་དཔེར་ན་ Outdoor Council of Australia དང་ཡང་ Bushwalking Leadership South Australia སོགས་ཀྱིས་ཁོང་ཚོའི་དྲ་ཚིགས་ཐོག་ནས་ཁྱེད་རང་ཤིང་ནག་གསེབ་ཏུ་འགྲོ་སྐབས་ག་རེ་བྱེད་དགོས་མིན་ལམ་སྟོན་དང་། ད་དུང་གྱོན་གོས་ག་རེ་ཡག་པོ་ཡོད་མེད། འགྲུལ་བཞུད་ལ་ཡོ་ཆས་ག་རེ་དགོས་ཀྱི་ཡོད་མེད་་སོགས་ལམ་སྟོན་འགྲེལ་བརྗོད་གནང་ཡོད་པ་རེད།

ཤིང་ནག་གསེབ་ས་ཆ་ཁུག་ཀྱོག་དེ་འདྲར་འགྲོ་སྐབས་ཁྱེད་རང་གི་ལག་ཐོག་ཁ་པར་མཐའ་གཅིག་ཏུ་བློས་བསྐལ་ནས་སྡོད་རྒྱུ་མེད།

ཁྱེད་རང་ས་ཆ་ཁུག་ཀྱོག་དེ་འདྲ་འགྲོ་སྐབས་མཚམས་རེར་ལག་ཐོག་ཁ་པར་བརྡ་རྟགས་སླེབས་ཀྱི་མེད་པས་ཁྱེད་རང་གིས་ལག་ཐོག་ཁ་པར་གྱི་དྲ་ལམ་ཚད་རིམ་ ༣ པ་དང་ ༤ པ་ ༥ པ་ཅན་གྱི་ཁ་པར་ཡིན་ཚེ་དེ་ལ་བློས་བཀལ་ནས་འགྲོ་རྒྱུ་མེད་སྐོར་བརྗོད་འདུག

གལ་སྲིད་ཁྱེད་རང་ས་ཆ་ཁུག་ཀྱོག་ཡིན་པའི་ཤིང་ནག་ཁྲོད་དུ་གོམ་པ་རྒྱག་ནས་འགྲོ་རྒྱུའི་འཆར་གཞི་ཡོད་ཚེ་རྒྱལ་ཡོངས་སྤྱི་གླིང་ཁག་དང་ཉེན་རྟོག་ལས་ཁུངས་སོགས་ནས་ལམ་ཁྲིད་པ་དེ་འདྲ་གླ་རྒྱུ་ཡོད་པ་རེད།

སྐུ་ཞབས་ Andrew Govan's ལགས་ཀྱིས་ཤིང་ནག་ཁྲོད་དུ་གོམ་པ་རྒྱག་ནས་འགྲོ་སྐབས་གཡང་ལ་ཟག་པ་དང་། འགྲོ་ལམ་བརླག་པ་སོགས་གནས་ཚུལ་གང་ཡང་རུང་བ་ལྷག་སྲིད་པས། གཅིག་པུ་རྩ་བ་ནས་འགྲོ་རྒྱུ་མེད་པར་ངེས་པར་དུ་མི་གཞན་རོགས་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག


Share